བོད་ལྗོངས་གསོ་རིག་སློབ་ཆེན་དུ་ད་བར་འཛམ་གླིང་དུ་གྲགས་པ་འབར་བའི་གསོ་རིག་མཁས་དབང་
མང་པོ་བྱུང་མྱོང་ཡོད་ལ། དེ་དག་གིས་བསྐྱངས་བའི་ཕུལ་བྱུང་སློབ་མ་གྲངས་ལས་འདས་པ་ཞིག་ཡོད།
གསོ་བ་རིག་པ་དོན་གཉེར་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་འབུམ་བཞི་དང་རྒྱུད་བཞི་གང་རུང་ལ་
ཚིག་དོན་གཉིས་ཀའི་ཐད་ནས་བག་ཆགས་ཀྱི་གཏིང་རྒྱ་མཚོ་ལས་ཟབ་པ་ཞིག་བཞག་རྒྱུ་ནི་ཁོང་རྣམ་པའི་
ཕྲག་ཐོག་གི་ཕབ་ཏུ་མེད་པའི་འགན་འཁྲི་ཡིན་པས། རྒྱ་ཆེ་ཆུང་གི་ཁྱད་ཙམ་མ་གཏོགས་གནའ་སྔོན་མའི་
ཐོར་ཅོག་དཀར་བའི་ལྷ་རྗེ་ཡིན་ནའང་འདྲ།དེང་གི་ཞྭ་གོས་དཀར་བའི་ཨེམ་ཆི་ཡིན་ནའང་ཆོག་རང་གིས་
དོན་གཉེར་བྱེད་པའི་གཞུང་དེའི་རྩ་བ་བློར་འཛིན་མི་བྱེད་ཐབས་མེད་ཡིན་ལ་ཚད་ལྡན་གྱི་ཚེ་རིག་པ་ཞིག་
ཡིན་ཚེ་དེའི་ཐད་ལ་དཀའ་བ་བརྒྱ་དང་འབད་པ་སྟོང་བྱེད་མ་མྱོང་བ་ཞིག་མེད། ཅེས་གུས་པས་ཁ་ཚོན་
གཅོད་པར་སྤོབས། འོན་ཀྱང་། ཉེ་བའི་ཆར་གྱི་དུས་ཚོད་ངེས་ཅན་ཞིག་རིང་། ཡོངས་ཁྱབ་རང་བཞིན་གྱི་
རྒྱུད་བཞི་ངག་སྐྱོར་ཤར་གཏོང་བྱེད་མཁན་མཐོང་ཐོས་དབེན་པའི་མཚམས་དེར། བོད་ལྗོངས་གསོ་རིག་
སློབ་གླིང་ཉིས་སྟོང་དགུ་ལོའི་འཛིན་གྲྭའི་སློབ་མ་བདུན་གྱིས་ན་ནིང་ལོ་མཇུག་ཏུ་གོང་རིམ་ལ་རྩ་རྒྱུད་དང་།
བཤད་རྒྱུད། ཕྱི་མ་རྒྱུད་བཅས་རྒྱུད་གསུམ་ཆ་ཚང་བློ་རྒྱུགས་འབུལ་རྒྱུའི་རེ་འདུན་ནམ་དམ་བཅའ་བཞག
དེ་རྗེས་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་སློབ་མ་བསམ་འགྲུབ་དབང་རྒྱལ་དང་བེ་རི་ཚུལ་ཁྲིམས་རྡོ་རྗེ་
གཉིས་ཀྱིས་དམ་བཅའ་ལག་ཏུ་བསྟར་ཏེ་བློ་རྒྱུགས་ཕུལ། ད་ལོ་སྟེ་ཉེ་བའི་ཆར་ཕ་ཡུལ་སྟེང་ཆེན་ནས་ཡིན་
པའི་གངས་དགའ་གྲགས་པ་དང་། དཀོན་མཆོག་དཔལ་སྒྲོན། བསྟན་འཛིན་སྐལ་བཟང་། ཚེ་རིང་གྲགས་པ།
ཆོས་འཛོམས་བཅས་སློབ་མ་ལྔ་ཡིས་གཅིག་མཇུག་གཉིས་མཐུད་ཀྱིས་དགེ་སློབ་མང་པོའི་འདུ་ཚོགས་དཀྱིལ་
དུ་བློ་རྒྱུགས་ཤར་གཏོང་ཕུལ་བར་ཀུན་གྱིས་གདེང་འཇོག་དང་། བསྔགས་བརྗོད་ཀྱི་རོལ་མོ་ཅི་དགར་བཀྲོལ་
བ་དང་། དེ་ནི་ཁོང་ཚོའི་སྤྱི་ཚོགས་ཁྲོད་དུ་ཆས་ཁའི་ཀི་སྒྲ་ཞིག་དང་། མ་འོངས་པའི་སློབ་མ་ཚོར་མིག་དཔེའི་
རྡོ་རིང་ཞིག་བསླངས་པ་ཅི་ལ་མིན། ཁོང་ཚོ་ནི་གུས་པས་དེ་སྔོན་དྲ་ཚིགས་འདིར་ངོས་སྤྲོད་ཞུས་མྱོང་བའི་
ཐོན་ལ་ཉེ་བའི་སློབ་མ་དྲུག་ཅུའི་རྩོམ་དེབ་ཅིག་ཅེས་པ་དེ་བརྩམས་མཁན་གྱི་གྲས་རེད་ལ། སྔར་ཡོངས་
འཛིན་མཆོག་གི་ཐུགས་ཀྱི་ཞིང་སས་བསྐྱེད་པའི་སྟེང་ཆེན་རྫོང་སློབ་འབྲིང་གསོ་རིག་འཛིན་གྲྭར་འགྲིམ་པའི་
སློབ་མའི་གྲས་ཀྱང་ཡོད། དེར་བརྟེན། གུས་པས་འདིར་སློབ་མ་འདི་དག་གིས་བཞག་པའི་སྦྱངས་བརྩོན་གྱི་
འབྲས་བུར་དཔང་བསྟོད་བྱ་ཞོར། དཔོན་སློབ་ཆེན་པོའི་སྐུ་ཚེ་འགྱུར་མེད་གཡུང་དྲུང་བཞིན་བརྟན་པའི་
གསོལ་སྨོན་ཡང་འདེབས་རྒྱུ་ཡིན་ནོ།།
གནས་འཕྲིན་འདི་ཡང་ཁྱུང་པོ་དཔལ་རྒྱལ་ཞེས་འབོད་པའི་ཐོས་ཆུང་བདག་གིས་ཕུལ་བའི་དགེ་བས་
ཁམས་གསུམ་འགྲོ་བའི་ཟུག་རྔུའི་སྔུག་བསྔལ་ཞི་བའི་རྒྱུ་རུ་གྱུར་ཅིག་གུ།། །།