༄༅།། རྫོགས་པ་ཆེན་པོའི་རང་བཞིན་བརྗོད་པའི་མགུར་
གླུ་བྱིན་བརླབས་ཆར་འབེབས།
ཨེ་མ་ཧོ། ཀུན་བཟང་མི་ཡི་གར་དུ་བཞེངས།། མཚུངས་མེད་དྲིན་ཅན་བླ་མ་རྗེ།།
བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། བྱིན་རླབས་ཆར་ཆེན་ཕོབས་ཤིག་ཀྱེ།།
ཀ་དག་རྫོགས་ཆེན་ལྟ་བ་མཐོ།། ལྷུན་འགྲུབ་འོད་གསལ་ལྟད་མོ་མཛེས།།
གསལ་སྟོང་དགོངས་པ་མཁའ་ལྟར་ཡངས།། རྣལ་འབྱོར་ཕོ་མོའི་དགའ་བ་ལཱ།།
སྙེམ་རྟོག་བདུད་ཆེན་རང་སར་གྲོལ།། རང་འབྱུང་ལྟ་བ་བློ་ལས་འདས།།
རྩོལ་མེད་འབྲས་བུ་ངང་གིས་གྲུབ།། ཨེ་མ་རྫོགས་ཆེན་ཡོན་ཏན་ལཱ།།
སྟོང་པའི་ལྟད་མོ་མཇལ་ཙམ་ན།། འཇིག་རྟེན་ཡོན་ཏན་སྒྱུ་མ་ཙམ།
ཆགས་སྡང་སྐྱེ་བའི་གནས་མ་གྲུབ།། སྟོང་གཟུགས་དགོངས་པ་ཟབ་པ་ལཱ།།
གཤིས་ཀྱི་བུ་མོ་རིགས་བཟང་མ།། སྣངགཞི་འོད་གསལ་རྒྱན་གྱིས་བཀླུབས།།
ཀ་དག་བཞིན་རས་ལྟ་ན་སྡུག། ལྟ་བས་མི་ངོམས་མཛེས་པ་ལཱ།།
རང་རིག་ཉི་མ་རང་ནས་ཤར།། ལྟག་ཆད་མུན་པ་གཞི་ལས་དྭངས།།
སྙིང་རྗེའི་ཆུ་བོ་ཁོང་ནས་བརྡོལ།། རང་འབྱུང་རིག་པའི་ངོ་མཚར་ལཱ།།
སྟོང་པ་བདེ་བའི་སྙིང་པོ་ཅན།། རང་ཉིད་རང་གིས་མྱོང་ཚུལ་གྱིས།།
ཟད་མེད་བདེ་ཆེན་རོ་དང་འཕྲད།། འདི་འདྲའི་ཉམས་ཀྱི་བདེ་བ་ལཱ།།
སྣང་བ་རྩ་བྲལ་སྟོང་སངས་ངེ་།། ཉམས་ཀྱི་ཡོན་ཏན་འབེལ་བ་ལཱ།།
ཡིད་ཤེས་མིག་ཆེན་བགྲད་བལྟས་ཀྱང་།། ཆ་ཙམ་མཐོང་བའི་སྐལ་པ་དབེན།།
མ་བལྟས་བབ་ལ་བཞག་ན་གསལ།། མཐོང་བའི་ཚད་འདི་མཚར་བ་ལཱ།།
ཚིག་སྐམ་ནགས་ཁྲོད་འཕྱན་པ་ཡི།། དགེ་བཤེས་སྟོན་ཆེན་ས་གང་ཡང་།།
སེམས་ཉིད་མཐོང་བ་ཉིན་སྐར་ཙམ།། ཁྱེད་ཞལ་མཇལ་མཁན་དཀོན་པ་ལཱ།།
ཐོས་མེད་མུན་པའི་ཁུང་བུ་རུ།། གླེན་སྒོམ་ཞག་མིག་བགྲད་ན་ཡང་།།
ཡང་དག་ཐར་པའི་ལམ་ལ་གོལ།། སྒོམ་ཆེན་མཚན་སྙན་ཉུང་བ་ལཱ།།
རྣམ་རྟོག་འབོད་པའི་གཡབ་མོ་ཆེ།། འགལ་འབྲེལ་ཚིག་སྐམ་འུར་ལྡིར་གྱིས།།
གཤིས་ཀྱི་བྱིའུ་ཆུང་མཁའ་ལ་དཀྲོག། རིག་པའི་སྐྱོང་ལུགས་དཀའ་བ་ལཱ།།
ཚེ་གཅིག་འདི་དང་འགྲོགས་མོད་ཀྱང་།། སྐལ་ལྡན་བུ་ཡིས་ངོ་མི་ཤེས།།
མེད་དགག་མཁན་པོའི་བློར་མི་ཤོང་།། མངོན་འགྱུར་ཆེན་པོའི་ཁྱད་ཡོན་ལཱ།།
ཚུལ་གསུམ་རྟགས་ཀྱིས་སྒྲུབ་མ་ཐུབ།། རྗེས་དཔག་ཚད་མས་ངོ་མ་ཤེས།།
དབུ་སེམས་མཁས་པས་མ་མཁྱེན་པའི།། ལྐོག་གྱུར་ཆེན་པོའི་གསང་བ་ལཱ།།
ཐ་སྙད་ཚད་མས་གྲུབ་མ་མྱོང་།། ཕྱལ་ཆད་མཐའ་ལ་ལྟུང་མ་མྱོང་།།
ཡོད་མེད་ར་བ་ལས་འགོངས་པའི།། རྫོགས་ཆེན་རིག་པའི་ཕྲ་བ་ལཱ།།
སློབ་གཉེར་སེམས་ལ་བགྱིས་པས་ན།། སྣང་བ་གདམ་ངག་སློབ་དཔོན་འཆར།།
བོན་སྐུའི་རང་ཞལ་རྗེན་གཅེར་བསྟན།ཀུན་བཟང་དགོངས་པའི་བྱིན་བརླབས་ལྰ།།
ཐམས་ཅད་རྩ་བྲལ་སྟོང་མོད་ཀྱང་།། སྣང་བ་མ་འགགས་ལྷུག་ལྷུག་བརྡོལ།།
འཁྲུལ་སྣང་རྒྱུ་འབྲས་མི་བསླུ་བའི།། གསལ་སྟོང་ཟུང་འཇུག་ཆོ་འཕྲུལ་ལཱ།།
གྲངས་མེད་བསྐལ་པར་སྒུག་མི་དགོས།། རྩོལ་སྒྲུབ་ལམ་གྱིས་མི་ཟིན་པའི།།
ཚེ་གཅིག་འཇའ་ལུས་རྫོགས་སངས་རྒྱས།། ཡོངས་རྩེའི་གདམ་ངག་སྙན་པ་ལཱ།།
འགྲོ་འོང་བྲལ་བའི་ལམ་ཆེན་དུ།། བགྲོད་མེད་གོམ་པ་གློག་ལས་མྱུར།།
ཅིག་ཆར་སངས་རྒྱས་ས་ལ་བསྙེགས།། རྐྱང་འདེད་འགྲོས་འདིའི་མགྱོགས་པ་ལཱ།།
ཐེག་སྒོ་ལོ་ལེགས་སྙེ་མའི་ཁྲོད།། ཡོངས་རྩེ་འབྲས་དཀར་ལྗང་བུ་བདམས།།
སངས་རྒྱས་ལག་འཆང་གདམས་པའི་སྒོར།། ཞུགས་པའི་སེམས་པ་སྐྱིད་པ་ལཱ།།
ཞེས་པ་འདི་ནི་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་
ཀྱང་ཉམས་ལེན་ལ་བརྩོན་འགྲུས་ཞན་པའི་གྱི་ན་བ་ཚངས་པ་བསྟན་འཛིན་འབོད་
པས་༢༠༠༧།༧།༢༢།ཉིན་གྱི་དམ་བཅའི་སྐབས་ཀྱི་མཐོང་ཐོས་འགའ་ཞིག་གིས་རྐྱེན་
སྐུལ་ནས་དམ་བཅའ་གྲོལ་མཚམས་ཀྱི་མཚན་མོའི་ཕྱག་ཚོད་བཅུ་གཉིས་ལ་བྲིས།།