རྒྱལ་ཐེབས་དམ་པ་༧ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེའི་
མཛད་ཕྲིན་མདོར་བསྡུས།
དེ་ཡང་དམ་པ་ཁོང་བོད་མེ་སྤྲེལ་༡༩༥༦ལོར་ཁྱུང་ཡུལ་གྲུབ་ཐོབ་འབྱུང་གནས་ཀྱི་ཆར། སྟག་ཤོད་ཟལ་མོའི་རི་རྒྱུད་མཁས་བཞིའི་གདན་ས་དཀྱིལ་འཁོར་ཐང་སྒོམ་པ་ཚང་དུ་ཡབ་བསོད་ནམས་དང་ཡུམ་མཐོན་པོ་ལྷ་འཛོམ་གཉིས་ཀྱི་སྲས་སུ་འཁྲུངས། ཡུམ་གྱི་མངལ་དུ་སྦྲུམ་པ་ནས་བྱ་བཏང་ཚེ་དབང་འགྱུར་མེད་ནས་མཁའ་འགྲོ་ཨ་ལིའི་སྐུ་སྐྱེ་རུ་ངོས་འཛིན་མཛད། དགུང་ལོ་༧ཐོག་བྱ་བཏང་གང་དེའི་སྦྲིང་ཡིག་ལྟར་རྩེ་དགོན་དུ་ཁྲི་འདོན་ལམ་ལུགས་ཞུས། ཚེ་དབང་ཕུན་ཚོགས་མདུན་ཡི་གེ་ཀློག་འདོན་ལ་སྦྱང་བ་བྱས། དགུང་ལོ་༡༤ཐོག་མི་དམངས་ཀུང་ཧྲེའི་ནང་ཞུགས་ཏེ་དེ་གར་རྩིས་པ་དང་། དམངས་སློབ་དགེ་རྒན་གྱི་འོས་འགན་རིམ་པར་བཞེས། དགུང་ལོ་༢༥ལྕགས་སྤྲེལ་ལོའི་ཐོག་རྩེ་བླ་རིན་ཆེན་རྒྱལ་མཚན་མཆོག་དགོངས་བཞེད་བཞིན་དམ་པ་གང་དེའི་དྲུང་ནས་རབ་ཏུ་བྱུང་ཞིང་། དུས་འགྱུར་ནང་གཏོར་བའི་རྟེན་གསུམ་འཕར་ཆེ་ཆུང་དང་ཇོ་བོ་གསུང་བྱོན། རྩ་ཆེའི་སྦུབ་ཆོལ་འགའ་བཅས་ཁོང་དང་བླ་རྒན་རིན་རྒྱལ་ཟུང་འབྲེལ་གྱིས་སླར་ཡང་ཕྱག་སོན་ཐུབ་པ་བྱུང་། ༡༩༨༢ལོར་རྩེ་དགོན་ཉམས་གསོའི་སྐབས་ཀྲུའུ་རིན་གཞོན་པའི་ཐུགས་འགན་བཞེས་སྟེ་འདུ་ཁང་དང་། གསེར་གདུང་ཁང་། སྒྲུབ་གྲྭ་ཁང་། འཁོར་ཁང་སོགས་བཞེངས་བཀོད་བྱ་བར་མཉམ་རུབ་ཀྱིས་འབད་པ་ཧུར་ཐག་མཛད། སྔ་གཞུག་ཏུ་ཁོང་གིས་སྐྱབས་རྗེ་སྨན་རི་བ་མཆོག་དང་། ཡོངས་འཛིན་རིན་པོ་ཆེ། རྩེ་བླ་རིན་རྒྱལ་རིན་པོ་ཆེ། འཇའ་ལུས་པ་གཙུག་ཕུད་འོད་གསལ། ཁྲ་རྒན་མཁན་སྐལ་བཟང་གཡུང་དྲུང་། ཞེ་གཡུང་དྲུང་ཕུན་ཚོགས། ཨ་མདོ་སྐལ་བཟང་དར་རྒྱས། སྣང་ཞིག་རྒྱལ་འོབས། མདའ་ཆེན་རྟོགས་ལྡན་རྣམ་གཉིས། བླ་མ་ཨ་གཡུང་། རྟོགས་ལྡན་ཁམས་དབང་བསྟན་འཛིན། རྟོགས་ལྡན་ཁྲི་བ། ཚུལ་ཆེན། ཨ་ལག་བོན་བརྒྱ། ཉག་བླ་དཀོན་མཆོག་བསྟན་འཛིན་དབང་རྒྱལ། བྲག་མགོ་བླ་མ་ཟླ་གྲགས། སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན། དབྲ་སྤྲུལ་ནམ་མཁའ། བླ་མ་ཨ་རྒྱ། ཁའོ་རྟོགས་ལྡན། བླ་རྒན་ཡེ་ཤེས་བློ་གྲོས། ནག་རུ་མཁན་བསོད་ནམས་སྐལ་བཟང་། སྐྱང་སྤྲུལ་དྲི་མེད་འོད་ཟེར། བླ་རྒན་བཀྲ་ཤིས་རྣམ་རྒྱལ། མཚམས་རྒན་ཡེ་ཤེས་རྒྱལ་མཚན། གྲྭ་རྒན་ཨོ་རྒྱན་སོགས་དཔོན་གསས་བཅུ་ཕྲག་གཉིས་ལས་བརྒལ་བར་ཞབས་སེན་སྤྱི་བོར་བཏུད་དེ། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་སྡེའི་དཀྱིལ་འཁོར་ཕལ་ཆེར་དང་། ཁྱད་པར་མཉམ་མེད་ཤེས་རབ་རྒྱལ་མཚན། ཀུན་མཁྱེན་ཤར་རྫ་བ། བདེ་གླིང་སོགས་མཁས་གྲུབ་དུ་མའི་གསུང་གསང་ཇི་སྙེད་དང་། དག་སྙན་ངག་བཅས་པར་གསན་བསམ་གྱིས་དབང་ལུང་མན་ངག་ཁྲིད་དང་བཅས་པའི་ཐུགས་ཀྱི་ཡོལ་གོར་ཡོངས་སུ་ཕྱུག་པར་མཛད།
སླར་ཡང་༡༩༨༨ལོར་རང་དགོན་དུ་བཤད་གྲྭ་བཙུགས་སྐབས་དེར་ཞུགས་ཤིང་དཔོན་སློབ་ཚུལ་ཁྲིམས་རྣམ་དག་དྲུང་ནས་བློ་རྟགས་བསྡུས་གསུམ་ཐད་འཆད་རྩོད་ལས་ལ་འབད་འབུང་མཛད། ༡༩༩༣ལོར་དགུང་ལོ་༣༨ཐོག་རྩེ་བླ་རིན་རྒྱལ་མཆོག་གིས་ཉིད་ཀྱི་རྒྱལ་ཚབ་ཁྲི་ལ་མངའ་གསོལ་ཞིང་ཞོར་དུ་ལོ་ངོ་གསུམ་རིང་རི་ཐ་ངང་རྫོང་དགོན་དུ་གཟིགས་རྟོགས་གནང་། ༡༩༩༤ལོར་ཁོང་དང་དམངས་བདག་ཨུ་ལྷན་ནས་དགེ་བཤེས་ལུང་རྟོགས་བསྟན་པའི་རྒྱལ་མཚན་རང་དགོན་བཤད་གྲྭའི་སློབ་དཔོན་དུ་བསྐོ་བཞག་དང་། སློབ་གཉེར་བའི་བཅའ་ཡིག་དང་འཐུས་སྒོ་གཏན་འབེབས་བྱས། ༢༠༠༠ལོར་མཁན་བསོད་ནམས་འགྱུར་མེད་སྒོམ་གྲྭའི་མཁན་པོར་མངའ་གསོལ་ཞིང་། དགེ་བཤེས་ནོར་བུ་སྒྲུབ་གྲྭའི་མཁན་པོར་བསྐོ་བཞག་མཛད། གཞན་ཡང་ཁོང་གིས་གསེར་གདུང་ཁང་དུ་འཆི་མེད་ཡབ་སྲས་གསུམ་དང་། ཁྲོ་སྐྱབས་ལྷ་ཁང་ནང་ཟངས་གསེར་ལས་བྱས་པའི་སྐུ་བརྙན་ཐོག་རྩེགས་ཅན་བདུན། ཚོགས་ཁང་བར་འཁྱམས་ཀྱི་ལྡིབ་རིས་སོགས་ལ་རྒྱུ་ཚེགས་གཉིས་ཆར་ནས་སྐུ་ངལ་ཚད་མེད་བསྐྱོན་ཏེ་ཕྱག་སྐོར་རྟེན་དུ་བཞེངས་སུ་གསོལ། ཞོར་དུ་ཁོང་གིས་སྔོན་འགྲོ་དང་རྩ་རླུང་མུན་མཚམས་བཅས་པར་སྦྱང་བ་མཛད་ཐོག་ཡི་དམ་བཅུ་ཕྲག་ལྷག་གི་བསྙེན་སྒྲུབ་ཚད་སྐྱེལ་གནང་བ་དང་། དགུང་ཞག་བརྒྱ་ཕྲག་དུ་མར་བསྙེན་བསྙུང་གི་བཅད་རྒྱ་མཛད་པ་སོགས་བསྟན་པའི་སྙིང་པོ་སྒོམ་སྒྲུབ་ཀྱི་རྣམ་ཐར་སྐྱོང་བཞིན་དབུ་སྐྱེས་དུང་བས་དཀར་བར་འཚོ་བཞེས་བཞུགས་པ་བཅས།། གུས་པ་ལྗང་ཤེར་བསྟན་གྱིས།
- ཟིན་ཐོ་གོང་མ།ཞབས་བརྟན་མཆོད་པའི་ལྷ་རེག
- ཟིན་ཐོ་འོག་མ།ནང་བསྟན་སློབ་གླིང་དུ་རྩོད་རྒྱུག་དམ་བཅའི་སྐབས།