ཞབས་བསྟན་མཆོད་པའི་ལྷ་རེག།
ཆུང་རྒྱུད་ཚུལ་ཁྲིམས་མཐར་ཕྱིན། (རྩེ་དྲུག་བཤད་གྲྭ་བ།)
དྲི་མེད་མཆོག་སྐུ་ཉ་ཟླའི་དཀྱིལ་འཁོར་ཡིད་ཅན་མོས་པའི་མཁའ་རུ་མཛེས། །ལེགས་བཤད་གསུང་རབ་ག་བུར་སྣང་བས་རྒྱུ་འབྲས་ཐེག་རིམ་ལྷང་ངེར་གསལ། །ཇི་སྙེད་ཤེས་བྱའི་ཟབ་གསང་མངོན་གྱུར་ཀུན་མཁྱེན་ཉི་དབང་རྣམ་རོལ་པ། །བསྟན་འཛིན་སྐྱེས་མཆོག་ལྷ་མའི་རྣམ་འདྲེན་དག་པ་གཉིས་ལྡན་བླ་མར་འདུད།། །གཞུང་ལུགས་རྒྱ་མཚོའི་ཕ་མཐར་ཕྱིན་ཏེ་བཅུ་རིག་ནོར་བུའི་མངའ་དབང་བསྒྱུར། །རྫོགས་ཆེན་ལྟ་བའི་གནས་ལུགས་ཟབ་མོ་རང་བྱུང་རིག་པའི་ཀློང་ན་གསལ། །མཐའ་ཀླས་འགྲོ་ཕན་སྙིང་གི་སྟོབས་འཆང་ཐེག་པ་ཆེན་པོའི་རྒྱལ་སྲས་ཏེ། །གང་ཁྱེད་བརྩེ་མཁྱེན་ཡེ་ཤེས་ཕུང་པོ་ལྔ་སྙིགས་འགྲོ་འདུལ་ཀུན་གྱི་རབ།། །ཐོས་པའི་མཚོ་ཀླུང་ཟབ་ཅིང་དཔའ་བས་མཁས་རློམ་བྱིས་པའི་སྙིང་རྩ་འདར། བསམ་པའི་རྦ་རླབས་དྲག་ཏུ་འཁྲུགས་པས་བདེན་དོན་དྭངས་མའི་ཤེལ་དཀར་འཁྲུངས། སྒོམ་པའི་ཆར་སྤྲིན་རྟགས་ཏུ་གཉེར་བས་རྟོག་ཚོགས་འདབས་ལྡན་རྒྱུ་ལམ་བཀག །ངེས་ལེགས་ས་བཅུར་བརྗིད་ཀྱིས་གནོན་པའི་རྗེ་བཙུན་སྲིད་པའི་དཔལ་དུ་མཛེས།། འཆད་པའི་ངག་རིག་དབྱངས་ཅན་གྲུབ་པས་ཡིད་ཅན་རྣ་དབང་གཏིང་ནས་དཀྲུག །རྩོད་སྒྲུབ་བློ་ཤེད་ཐོག་ལྟར་དྲག་པས་རྫུན་པའི་རི་ཡང་སྐད་ཅིག་འཇོམས། །རྩོམ་པ་ལུང་རིག་མེ་ཐུར་གྱིས་འཇལ་ཟབ་གསལ་ལུང་གི་ལེགས་བཤད་མང་། །རྗེ་བཙུན་མཁྱེན་པའི་ཤེས་བྱའི་ཚོགས་རྣམས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་སྤུན།། །ཕན་དང་བདེ་བ་མ་ལུས་འབྱུང་གནས་རྒྱལ་གཤེན་བསྟན་པའི་འོད་དཀར་ཅན། །ལྔ་སྙིགས་བསོད་དམན་དུཿཁའི་སྨག་གིས་སྣང་མེད་ཟ་བར་ཉེར་རྩོམ་ཚེ། དམ་པའི་ཐབས་ཤེས་སྒྱུ་འཕྲུལ་ཟུང་གིས་བཤད་སྒྲུབ་རྟ་བདུན་དཀྱིལ་འཁོར་ཆེ། །འཕགས་ཡུལ་འཛིན་མའི་རྒྱན་དུ་དྲངས་པས་དགེ་ལེགས་སྣང་བས་ས་གསུམ་ཁྱབ།། །ཡེ་སྲིད་སངས་པོའི་ཐུགས་ལས་འཁྲུངས་པའི་ལྔ་རིག་གཙུག་ལག་དབྱིག་གི་གཏེར། །རིས་ཅན་སྐམ་སྲེད་དུག་ཆུས་མྱོས་པས་སྒྲོ་སྐུར་སྦག་བཙོག་བགོས་པའི་ཚེ། །དམ་པའི་དཔྱད་གསུམ་ལུང་རིག་ཆབ་ཀྱིས་ནན་ཏན་བསལ་ཞིང་བཀྲུས་པ་ཡིས། །བདེན་པའི་རང་མདངས་སྔར་བཞིན་རྫོགས་ཏེ་དགེ་ལེགས་འདོད་དོན་ལྷག་ཏུ་འཇོ།། །ལྔ་དར་རྩོད་ལྡན་འགྲོ་བའི་དཔུང་གཉེན་མཚན་དཔེའི་ལང་ཚོ་བཞད་པ་ནས། །གྱེར་བསྟན་རྨ་མེད་བཀའ་འཁོར་བསྐྱངས་ཏེ་བགྲང་བྱ་བཅུ་ཕྲག་བརྒྱད་བརྒལ་ཡང་། །སླད་མར་བོན་སྲིད་གདུགས་དཀར་གཟུག་པར་ཉིད་ལས་ཕན་ཆེ་མ་མཐོང་བས། །བསྟན་པའི་བདག་པོ་བསྐལ་བརྒྱའི་ཡུན་ཏུ་འགྲོ་བའི་མགོན་པོར་རྟགས་བརྟན་ཤོག།
- ཟིན་ཐོ་འོག་མ།ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེའི་མཛད་རྣམ་