དགེ་བཤེས་ཤེས་རབ་རྣམ་རྒྱལ།
ལྗང་ཤེར་བསྟན།
རང་སྡེའི་སྐད་ཡིག་སྲོལ་བཟང་མ་བསྙེལ་བར། །
འུ་ཚོའི་གཅེས་འཛིན་སློབ་བརྩོན་འཆང་ཤེས་ན། །
ཨ་ཧོ་གངས་ཕྲུག་གཞན་རྗེས་མི་ལྟུང་ཞིང་། །
ཝ་ལེར་གོ་ལའི་ཁྱོན་དུ་མངོན་པར་མཐོ། །
ལག་ཁྱེར་ཁ་པར།
18989955388
སྒེའུ་ཁུང་ཁ་བྱང་།
2212650008
ཡིག་ཟམ་ཁ་བྱང་།
855700
ངོ་ཐི་སེང་གདོང་ཁྲ་མོའི་དཀར་ཆག་མདོར་བསྡུས།
སྔགས་འཆང་ཀུན་བཟང་བསྟན་འཛིན་མཆོག༼དྭང་ར།༽
བོན་སྐུ་ནམ་མཁའ་ལྟ་བུ་ཀུན་ཁྱབ་ཀློང་། །རྫོགས་སྐུ་ཉི་མའི་ཟེར་བཞིན་སྤྲོ་བསྡུ་གསལ། །
སྤྲུལ་སྐུ་གང་འདུལ་འགྲོ་བའི་དོན་མཛད་པ། །སྐུ་གསུམ་རང་རིག་ལྷ་ལ་ཕྱག་མཚལ་
ལོ། །གནས་ཆེན་རྩེ་དྲུག་དགོན་གྱི་འདུས་སྡེའི་ནང་། །ནུབ་གཅིག་ཉལ་བའི་རྨི་ལམ་
འཁྲུལ་སྣང་ལས། །མཁའ་འགྲོ་གོ་སྔོན་དར་གྱིས་བརྒྱན་པ་ཞིག །མཇལ་ནས་བདག་ལ་
འདི་སྐད་གསུངས་པ་ནི། །ཚེ་རབས་གོང་ནས་ལས་སྨོན་མཐུ་བཙན་པའི་། །ཡང་དག་
རྣལ་འབྱོར་བུ་ཁྱོད་སྐལ་པ་བཟང་། །གནས་མཆོག་རྩེ་དྲུག་ཕ་རོལ་ཕྱིན་དྲུག་ལྔན། །ཕྱི་
ལྟར་རི་བོ་རྩེ་མོ་དྲུག་ལྡན་ལ། །ནང་ལྟར་ཡི་དམ་ཁྲོ་བོ་དྲུག་གི་གནས། །གསང་བ་རིག་
འཛིན་མཁའ་འགྲོའི་སྒྲུབ་པའི་ཞིང་། །ཡང་གསང་སྨོན་ལམ་གང་བཏབ་འགྲུབ་པའི་
གནས། །ཤར་གྱི་ཕྱོགས་སུ་བཀོད་པ་ཁྲོ་ཚོགས་དབྱིབས། །སྔོན་ཚེ་རིག་འཛིན་སྟོང་རྒྱུང་
མཐུ་ཆེན་དང་། །ལི་ཤུ་སྟག་རིང་ཤ་རི་དབུ་ཆེན་སོགས། །གསང་སྔགས་ཕྱི་ནང་ལྷ་
ཚོགས་བསྒྲུབས་པའི་གནས། །ཁྱད་པར་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས། །མེ་རི་
གྱད་ཕུར་བསྒྲུབས་པའི་གནས་མཆོག་སྟེ། །བྱིན་རླབས་གྲུབ་རྟགས་ཕྱག་ཞབས་སྐུ་རྗེས་
དང་། །གཏེར་དང་གཏེར་སྐལ་བཀའ་རྒྱས་བཏབ་པ་ཡོད། །ཤར་ཕྱོགས་བྲག་དམར་
བརྡ་རིས་བཀྲ་བ་ལ། །གསང་ཆེན་སྤྱི་སྤུངས་གསང་བ་དོན་རྒྱུད་དང་། །རིགས་ལྔ་མཁའ་
འགྲོའི་ཐུགས་སྒྲུབ་གཏེར་དུ་ཡོད། །བྱང་ཕྱོགས་ཕ་བོང་ཤེལ་གྱི་མདོག་ཅན་ལ། །ཧ་ཡིག་
མཚལ་གྱི་གཡུང་དྲུང་རིས་བཀྲ་ཡོད། །མཁས་པ་ལི་ཤུ་སྟག་རིང་ན་བཟའ་དང་། །
མཁའ་འགྲོ་བཅོ་ཟའི་གསང་གོས་སྒོམ་ཐག་དང་། །ཞི་ཁྲོ་ཀུན་འདུས་ཀུན་ཏུ་བཟང་པོའི་
སྐུ། །བཀའ་གཏེར་སྲུང་མ་བཙན་དང་རྒྱལ་པོ་ཡོད། །ནུབ་ཕྱོགས་གསང་མཛོད་བྲག་ལ་
ཆུ་རིས་ཅན། །དུས་གསུམ་ཀུན་ཏུ་དྲིལ་བུས་སྒྲ་དབྱངས་སྒྲོགས། །གསོལ་འདེབས་སྨོན་
ལམ་གང་བཏབ་འགྲུབ་པ་ཡིན། །སྟོང་རྒྱུང་ལི་ཤུ་ཤ་རི་དབུ་ཆེན་གྱི། །ཤར་ཕྱོགས་བྲག་
ལ་ཞབས་རྗེས་གསལ་བར་ཡོད། །རྗེ་ཆེན་ལྷ་སྒོམ་སྒོམ་པའི་སྐུ་རྗེས་ཡོད།
།ཅོ་ཟ་བོན་མོའི་ཞབས་
རྗེས་གསལ་བར་ཡོད། །རིན་ཆེན་འབར་བ་འདྲ་བའི་བྲག་རི་ལ། །གསང་བའི་བོན་
གཏེར་བཀའ་རྟགས་ཡིག་འབྲུ་སོགས། །ལས་ཅན་སྐལ་ལྡན་རྣམས་ཀྱིས་མཐོང་བ་ཡོད། །
རྩེ་མོར་མཐོང་ལམ་ཐོབ་པའི་སྒོམ་ར་ཡོད། །དེའི་མདུན་དུ་བྲག་ལ་ཨ་མ་ཡོད། །ལྷོ་ཡི་
ཕྱོགས་སུ་དབལ་མོ་རང་བྱོན་ཡོད། །དུག་གསུམ་ནད་སེལ་སྒྲིབ་པ་དག་པ་དང་། །སྒོམ་
སྐྱོན་འཁྲུལ་བ་རང་དག་ཁྲུས་ཆུ་ཡོད། །ཕྱི་ལྟར་རི་བོ་ཁྲོ་བོ་ཡབ་ཡུམ་ཚུལ། །ནང་ལྟར་
གསང་སྔགས་དྲོད་ཚད་རྙེས་པའི་གནས། །གསང་བ་གཏེར་ཁ་ཉེར་བརྒྱད་འདུས་པའི་
ཞིང་། །ཡང་གསང་ཡི་དམ་མགོན་པོ་རྣམ་གསུམ་གནས། །གངས་དཀར་ཏི་སེ་མ་ཕམ་
གཡུ་མཚོ་དང་། །བླ་བྲག་རྟ་སྒོ་ཟང་ཟང་ལྷ་བྲག་སོགས། །བྱིན་རླབས་གཅིག་བསྡུས་
གནས་མཆོག་འདི་ཉིད་ཡིན། །རྩ་རི་ཕག་གདོང་མཁའ་འགྲོའི་འདུ་གནས་དང་། །ཁ་བ་
དཀར་པོ་དམུ་རྡོ་ལྷ་གཉན་སོགས། །གནས་ཚབ་ཡིག་འབྲུ་རྡོ་ལ་རང་བྱོན་ཡོད། །འདི་
འདྲའི་གནས་མཆོག་ངོ་མཚར་ཆེ་བའི་ཞིང་། །སྒོམ་སྒྲུབ་སྐལ་ལྡན་ལམ་གྱི་གང་ཟག་
རྣམས། །གནས་འདིར་སྒོམ་པས་སྒོམ་འབྱུང་གེགས་རྣམས་ཞི། །ཡང་དག་དོན་གྱི་ལྟ་སྒོམ་
དྲོད་ཚད་འབར། །དེའི་ཤར་ཕྱོགས་རི་བོ་ཆེན་པོ་ལ། །སུམ་བརྒྱ་དྲུག་ཅུའི་ལྷ་ཡི་སྐུ་
གཟུགས་དང་། །གསང་སྔགས་མ་རྒྱུད་སྒྲུབ་པའི་བྱིན་རླབས་གནས། །ངོ་མཚར་མཐོང་
གྲོལ་ཡིན་ཚུལ་བརྗོད་ལས་འདས། །སྐབས་འདིར་མི་གསལ་སྐལ་ལྡན་ཐུགས་ལ་གབ། །
ཟབ་མོ་ལུང་གི་ངེས་ཚིག་བརྡ་ཡི་དོན། །གནས་ཀྱི་ཡོན་ཏན་ལོ་རྒྱུས་མདོར་བསྡུས་འདི། །
འཁྲུལ་སྣང་རྨི་ལམ་སྣང་ཆའི་མཁའ་འགྲོ་མས། གསུང་བཞིན་མ་ནོར་ཡི་གེའི་རིས་སུ་
ཕབ། །འཁྲུལ་སྐྱོན་འབྱུང་མཆིས་རིག་འཛིན་མཁའ་འགྲོར་བཤགས། །གནས་འདིར་ཕྱག་
སྐོར་སྒྲིབ་སྦྱང་གང་ཟག་རྣམས། །བཅུ་གསུམ་སྐོར་བས་ས་བཅུ་ཐར་ལམ་བགྲོད། །སྐོར་
བརྒྱ་བཞེངས་པས་ཡང་དག་རྫོགས་སངས་རྒྱས། །སེམས་བསྐྱེད་སྨོན་ལམ་ཕན་སྟོབས་དེ་
བཞིན་ཆེ། །ཡང་དག་གནས་མཆོག་དམ་པ་འདི་འདྲ་བར། མཐོང་ཐོས་དཀོན་པས་ཀུན་
གྱིས་དག་སྣང་མཛོད། །གནས་འདིར་ཞལ་མཇལ་འབྲེལ་ཚད་སེམས་ཅན་ཀུན། །ཉོན་མོངས་
ཤེས་སྒྲིབ་བག་ཆགས་ཀུན་བྱང་ནས། །ཐར་པ་ཐམས་ཅད་མཁྱེན་པའི་ལམ་བགྲོད་དེ།
འགྲོ་ཁམས་འཁོར་བ་དོང་སྤྲུག་སངས་རྒྱས་ཤོག ། ཅེས་ངོ་ཐི་སེང་གདོང་ཁྲ་མོའི་དཀར་ཆག་
མདོར་བསྡུས་འདི། རྩེ་དྲུག་བཤད་གྲྭའི་སློབ་དཔོན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་བསྐུལ་
ངོར། །རྒོད་གསས་ཞིག་པོའི་རུས་ལ་དལ་རྟེན་འབྱོར། །དུས་མཐའི་སྔགས་འཛིན་ཐོས་ཆུང་བླ་མིང་པ། ཀུན་
བཟང་བསྟན་འཛིན་ཞེས་སུ་འབོད་པ་དེས། །རྨི་ལམ་འཁྲུལ་སྣང་ལ་བརྟེན་གང་དྲན་བྲིས། དགེ་བས་བསྟན་འགྲོའི་དོན་ཆེན་ནུས་པར་ཤོག །
- ཟིན་ཐོ་གོང་མ།ནང་བསྟན་སློབ་གླིང་དུ་རྩོད་རྒྱུག་དམ་བཅའི་སྐབས།
- ཟིན་ཐོ་འོག་མ།༡ལུས་སེམས་གཉིས་ཀྱི་གཏམ་རྒྱུད།