ལུས་སེམས་གཉིས་ཀྱི་གཏམ་རྒྱུད།
མཆོག་ཆེན་སངས་རྒྱས་གླིང་པ།༼ རྩེ་དྲུག ༽
ཨ་ཡེ་མི་གཙང་རྫས་ངན་རྐྱལ་པ་ཁྱོད། །ལན་ཆགས་ཕ་མའི་མངལ་ཁྲག །ཁྱེད་མ་རིག་འདོད་ཆགས་རྒྱུ་ལས་གྲུབ། །མི་གཙང་སྦྲུན་མའི་ནང་བརྫོང་། །ཀེང་རུས་ཤ་ཁྲག་བརྩེགས་པ། །གདོན་དང་བགེགས་ཀྱི་ཚང་རྟེན། །སྡུག་སྔལ་རྒྱ་མཚོ་འཁྱིལ་ས། །ན་དང་ཚ་བའི་རྩ་བ། །ཉོན་མོངས་དུག་ལྔའི་འཁྲུལ་ཁང་། །འཇིག་རྟེན་འཁོར་བའི་ས་བོན། །དུར་ཁྲོད་རོ་ཡི་རང་བཞིན། །བྱ་དང་ཁྱིའི་ཟ་རྒྱུ། །ཀེང་རུས་གསས་མཁར་འཇིག་རྒྱུ། །དགྲ་སྡང་ཞེ་གནག་སྣ་ཁྲིད། །བརྩེ་གདུང་གཉེན་གྱི་བསླུ་ཐག །མི་གཙང་བུད་མེད་མངལ་ཐོན། །ཐབ་དང་གཞོབ་ཀྱི་ཕུང་པོ། །ཐར་ལམ་བཀག་པའི་གག་ཤིང་། །ངན་འགྲོར་འཁྲིད་པའི་ལམ་མཁས། །ཟོས་པས་རྒྱག་རྒྱུ་མེད་པ། །གྱོན་པས་དྲོ་རྒྱུ་མེད་པ། བླུག་པས་གང་རྒྱུ་མེད་པ། །ལུས་སྟོད་མགོ་བོ་དེ་ཡང་། །མི་གཙང་ཀླད་པའི་གང་བུ། །ལུས་སྨད་གསང་བ་དེ་ཡང་། །ངོ་ཚ་མཚན་མའི་རང་བཞིན། །ལུས་སྐད་(རྐེད)ལྟེ་བ་དེ་ཡང་། །མི་གཙང་སྦྲུན་པའི་རྐྱལ་པ། །ལུས་ཀྱི་པགས་པ་དེ་ཡང་། །ཤ་ཟན་བྱ་ཡིས་འཐེན་རྒྱུ། ལུས་ནང་རྒྱུ་མ་དེ་ཡང་། །གྲོག་མང་འབུ་ཡི་སྡིག་རྟེན། །ལུས་བར་ཤ་རུས་དེ་ཡང་། །ཞེ་སྡང་ཁྱི་ཡིས་འདྲུལ་རྒྱུ། །གྲོགས་ངན་བམ་ཁྱེད་མེད་ན། །རིག་པའི་ཁྱེའུ་བདེ་འདུག
སྐྱེ་འཆི་ན་ཚ་མེད་པ། །སྟོང་གསལ་གཉུག་མའི་རང་བཞིན། །ལྷ་འདྲེ་ཕན་གནོད་བྲལ་བ། །འཁོར་འདས་རོལ་པའི་དགོངས་པ། །མཐོ་རིས་ངན་སོང་གར་འགྲོ། །རིག་པའི་རྒྱལ་པོ་དབང་ཆེ། །འགྲོ་ཡང་མི་ནུས་རོ་བཞིན། འདུག་ཀྱང་མི་ཆོག་ལན་ཆགས། །གྲོགས་ངན་ཁྱེད་དང་མ་འགྲོགས་ན། །རིག་པ་གར་འགྲོ་ལས་ཡིན། ཟེར་བའི་སྣང་བ་ལ། བམ་པོ་གཟུགས་ན་རེ། །རིག་པའི་བུ་ཆུང་ཉོན་ཅིག དགོས་མེད་སྨྲ་བ་མ་མང་། །རོགས་དཔེ་རང་ལ་ཞོག་ཅིག །ཤེས་ཆུང་ཁ་སྐད་མ་སྔ། །བྱབ་ཆུང་ལག་མགོ་མ་འགྱོགས། །ཁྱེད་རིག་པ་འབྱམས་པོ་མེད་ན། །ང་དལ་འབྱོར་སྐྱེ་དགོས་གར་ཡོད། །རང་དབང་རང་ལ་ཡོད་ན། བདེ་བ་ཅན་དུ་མི་འགྲོ། རིགས་དྲུག་མངལ་སྒོར་འགྲིམ་ན། དགོས་པ་ཇི་ཡི་དོན་ཡོད། །ངན་པ་རང་སྣང་མ་མཐོ། །གཟུགས་མེད་རིག་པ་འབྱམས་པོ། །སངས་རྒྱས་མ་ཐོབ་ཁྱེད་ནི། །དལ་འབྱོར་གྲོགས་དེ་མེད་ན། །ཡོངས་རྒྱུ་ཁྱེད་ལ་ལོས་ཡོད། །ཤེས་ཆུང་སྨྲ་བ་མ་མང་། །གར་འགྲོ་རང་དབང་ཆེ་ན། །མི་འགྲོ་བཟུང་མཁན་སུ་ཡོད། །འགྲོ་ན་ཁྱེད་རང་སོང་ཞིག །བམ་པོ་ང་ནི་གར་བསྡད། བཟང་ངན་འདོར་ལེན་མེད་དོ། །གྲོགས་ངན་ཁྱེད་རང་ཡིན་མོད། ང་ནི་གར་ཡང་མི་འགྲོ།
ཨ་ཙི་རིག་པའི་ཧམ་པ། །རང་ཆུང་རང་ནོར་མ་བྱེད། །དལ་འབྱོར་རིན་ཆེན་མེད་ན། །རིག་པ་ཁྱེད་ལ་ཇི་ཡོད། །མགོ་ལ་རྣ་བ་མེད་ན། །རིག་པ་ཁྱེད་ཀྱིས་ཅི་ཐོས། །མི་ཐོས་འོན་པ་རེད་པ། །ཟབ་མོ་སངས་རྒྱས་གསུང་ཡང་། །ང་ཡི་རྣ་བས་ཉན་ཡིན། ལྟ་བའི་སྒྲོན་མེ་མེད་ན། རིག་པ་ཁྱེད་ཀྱིས་ཇི་མཐོང་། །མིག་མེད་ལོང་བ་རེད་པ། །སངས་རྒྱས་ཞལ་གྱི་དཀྱིལ་འཁོར། །བམ་པོའི་མིག་གིས་ལྟ་ཡི། །སྨྲས་མཁས་ལྕེ་དེ་མེད་ན། །རིག་པ་ཁྱེད་ཀྱིས་ཇི་སྨྲས། །སྨྲ་མེད་ལྐུགས་པ་རེད་བ། །རྒྱལ་བའི་གསུང་རབ་ཐམས་ཅད། །བམ་པོའི་ངག་གིས་བསྒྲགས་ཡོད། །ཡན་ལག་རྣམ་བཞི་མེད་ན། །རིག་པ་ཁྱེད་ཀྱིས་ཇི་ནུས། །མ་ནུས་ཞ་བོ་རེད་པས། །ཇི་དགོས་གང་དགོས་ཐོགས་མེད། །བསྟན་པའི་དོན་ཆེན་བསྒྲུབས་ཡོད། །གསང་བའི་མཚན་མ་མེད་ན། །སྲིད་པའི་སྐྱེ་རྒྱུད་གར་གྲོལ། །བསྐལ་སྲིད་འབྱུང་བ་མེད་ན། །སངས་རྒྱས་སེམས་ཅན་གར་འདུག །བསྐལ་པ་སྟོང་གི་སངས་རྒྱས། །དལ་འབྱོར་ལུས་ལ་བརྟེན་ནས། །འགྲོ་དོན་མཛད་པ་ཨི་གོ །སྟག་གཟིག་འོལ་མོ་གླིང་ནས། །དགྲ་བཅོམ་རྒྱལ་བ་གཤེན་རབ། །དལ་འབྱོར་ལུས་ལ་བརྟེན་ནས། །བོན་འཁོར་བསྐོར་བ་ཨི་ཚོར། །རྒྱ་གར་རྡོ་རྗེ་གདན་ནས། །བཅོམ་ལྡན་ཤག་ཀྱ་ཐུབ་པ། དལ་འབྱོར་ལུས་ལ་བརྟེན་ནས། །ཆོས་འཁོར་བསྐོར་བ་ཨི་རིག །བོན་སྒོ་བརྒྱད་ཁྲི་བཞི་སྟོང་། །དལ་འབྱོར་རྙེད་དཀའ་བརྟེན་ནས། །འཆད་ཉན་སྨིན་གྲོལ་བསྒྲུབས་པ། །རིག་པ་ཁྱེད་ཀྱིས་ཨི་རིག །མཚན་བཟང་སུམ་བཅུས་བརྒྱན་པས། །འགྲོ་བ་ཀུན་ལས་ཁྱད་འཕགས། །དཔེ་བྱད་བརྒྱད་ཅུས་སྤྲས་པ། །རྒྱུ་མའི་ལུས་ཀྱི་ཡོན་ཏན། །ངེས་པའི་ཐོ་ཡིག་བཞི་བཅུ། །ཡ་མཚན་གཞན་གྱིས་འགྲན་མེད། །གཟུགས་ལྔ་རང་སར་གྲོལ་ནས། །རྒྱལ་བ་རིགས་ལྔ་མཁའ་དབྱིངས། །འབྱུང་ལྔ་དབྱིངས་སུ་དག་ནས། །རྒྱལ་བ་ཡུམ་ལྔའི་རང་བཞིན། ཁམས་ལྔ་ཟག་མེད་གྲོལ་ནས། ཞིང་ཁམས་ལྔ་ཡི་བཀོད་པ། །དབང་པོ་སྒོ་ལྔ་སྟོང་ནས། །ཡེ་ཤེས་ལྔ་ཡི་རང་མདངས། །དལ་འབྱོར་ལུས་འདི་མེད་ན། །རིག་པ་འཁྱམས་པོ་ཁྱེད་ལ། །ཡོན་ཏན་བྱ་བ་ཇི་ཡོད། དངོས་མེད་རླུང་གི་རང་བཞིན། བར་དོ་ཡིད་ཀྱི་གཟུགས་ཅན། །རྟེན་མེད་སྤྲང་པོ་འདྲ་བ། །རིག་པའི་ཁྱེའུ་སྡོད་ཅིག ཅེས་ཟེར་བ་ལ་རིག་པའི་ཁྱེའུ་ཆུང་གིས་རེ་ཞིག་གཟུགས་ལ་ལན་མ་ཐེབ་ནས་རང་སར་ཡུད་ཙམ་ཞིག་བསྡད་སོང་།
- ཟིན་ཐོ་གོང་མ།ངོ་ཐི་སེང་གདོང་ཁྲ་མོའི་དཀར་ཆག
- ཟིན་ཐོ་འོག་མ།སྣང་ཆུང་མ་བྱེད་ཆུང་ཆུང་མིན།