ཐེག་པ་རིམ་དགུ་རང་རང་གི་ལྟ་བ་བསྟན་པ།
༼ བླ་ཆེན་དྲན་པ་ནམ་མཁས་མཛད་པའི་གབ་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ་ལས་དྲངས།༽
སྟོན་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་ལ་ཕྱག་འཚལ་ལོ། །འདི་ནས་མར་ལ་ད་སྒོས་དམིགས་ཚགས་ཀྱི་འགྲེལ་པས་དོན་གྱི་མདོ་བསྡུ་བ་སྟོན་ཏེ། དེ་ལ་ཡང་སྤྱི་དོན་གསུམ་སྟེ། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་མདོ་ཐེག་པ་རིམ་པ་དགུ་རུ་བསྡུས་ཏེ། རང་འཐད་ཀྱི་ལྟ་བ་བསྟན་པ་དང༌། ཐེག་པའི་མདོ་དཔེ་དོན་རྟགས་༼རིམ་པ་དགུ༽གསུམ་གྱིས་མདོ་བསྡུས་ཏེ། དཔེ་དོན་རྟགས་གསུམ་སྤྱིར་བསྟན་པ་དང༌། དཔེ་དོན་རྟགས་གསུམ་གྱི་གཞག་ས་གང་ཡིན་པར་བསྟན་པའོ། །དེ་ཡང་ཐེག་པ་རིམ་པ་དགུའི་ལྟ་སྟངས་ལ་གསུམ་སྟེ། རྒྱུའི་བོན་བཞི་ལྟ་བ་དང༌། ཐེག་པ་གོང་མ་འབྲས་བུའི་བོན་བཞིའི་ལྟ་བ་དང༌། ཁྱད་པར་བླ་ན་མེད་པའོ། །དེ་ཡང་ལྟ་བ་ལ་གཉིས་ཏེ། འཇིག་རྟེན་པའི་ལྟ་བ་དང་འཇིག་རྟེན་ལས་འདས་པ་གཉིས་ཏེ། རྒྱས་པར་ལྟ་བའི་སྒང་འགྲེལ་དུ་བཤད་པ་དང་མཐུན་ནོ། །ཐེག་པ་ཞེས་པས་རང་ཅི་ཙམ་ལ་བྱ་ཞེ་ན་ཁམས་གསུམ་དུ་འཁོར་བའི་སེམས་ཅན་ལ། རྟོག་པའི་ཚོགས་བསམ་གྱིས་མི་ཁྱབ་སྟེ། རྣམ་པར་རྟོག་པའི་ཕུང་པོ་རི་བོ་ཙམ་ཡོད། སྡུག་བསྔལ་ལ་ཟད་པ་མེད་དེ་རྒྱ་མཚོ་ཆེན་པོའི་རླབས་ཙམ་ཡོད་པ་ལ། དེ་ཉིད་སེལ་བར་བྱེད་པ་ཐེག་པ་ཉིད་དོ། །དེ་ལས་ཐེག་པའི་དཔེ་ནི། རྟའམ་གླང་པོ་ཆེ་ལྟ་བུ་སྟེ། རྟ་འམ་གླང་པོ་ཆེ་ལྟ་བུའི་སྟོབས་ལ་བརྟེན་ནས། དེའི་ཤུགས་བསྐྱོད་ན། གར་འདོད་པའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པའོ། །དེ་བཞིན་དུ་ཐེག་པ་འདི་ལ་བརྟེན་ནས། འགྲོ་བའི་དོན་དུ་མ་ནོར་བ་མངོན་པར་སྤྱད་ན། སེམས་ཅན་རྣམས་ཀྱི་རྟོག་པ་སེལ་ལ། རང་བདེ་བར་འགྲོ་བའི་ཐར་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ཐེག་པའི་ལྟ་བ་འདི་ལྟར་རོ། །
ཕྱྭ་གཤེན་པའི་ལྟ་བ་བསྟན་པ་ནི། སེམས་ཅན་ཉེ་བར་ལེན་པའི་ཕུང་པོ་ལ། གདོན་དང་རྐྱེན་ལས་གྱུར་པའི་ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ། དེ་སེལ་བར་བྱེད་པའི་ཐབས་མོ་དང་རྩིས་ལས་སོགས་པའི་གཏོ་དཔྱད་སུམ་བརྒྱ་དྲུག་ཅུ་དང༌། རླུང་དང་མཁྲིས་པ་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་ལས། སེལ་བར་བྱེད་པའི་ཐབས་སྨན་དང་དཔྱད་ཀྱི་སྒོ་བཞི་བརྒྱ་རྩ་བཞིའི་སྒོ་ནས་ཞུགས་ནས། ནད་ལས་གྱུར་པ་རྣམས་ལ། སྨན་དང་དཔྱད་ཀྱིས་སེལ་ལ། གདོན་ལས་གྱུར་པ་རྣམས་ལ་གཏོ་དང་ཡས་ཀྱིས་སེལ་ཞིང༌། གདོན་དང་ནད་ཀྱི་ཉེས་པ་འདི། དང་པོར་གང་ཡིན་གང་གིས་ལན། ཅི་བྱས་ཅིས་ཉེས་ཅི་རུ་འདུག་པའི་བྱ་བྱེད་ནི། གདོན་ལ་མོ་དང་མཐོངས་ཀྱིས་བརྟག ནད་ལ་རྩ་དང་ཆུའི་སྒོ་ནས་བརྟགས་ལ། བར་དུ་ཕན་གདགས་པ་ནི། གདོན་ལས་གྱུར་པ་ལ་གཏོའི་སྒོ་མ་འགགས་པས། ཡས་སྟེར་ཀླུད་འབུལ་བོན་དང་ཆོ་ག་དང༌། འབྱུང་བའི་གཏོ་ཐབས་སྣ་ཚོགས་ཀྱི་ཕན་འདོགས་པའོ། །ནད་ལས་གྱུར་པ་ལ་དཔྱད་ཀྱི་སྒོ་མ་འགགས་པས། སྨན་དང་གཏར་བསྲེག་ལས་སོགས་པས་ཕན་འདོགས་ལ། ཐ་མར་བཟློག་ཅིང་བསྒྱུར་དུ་ཡོད་པར་རྟོགས་ལ། ནད་ལ་ཡང་བཅོས་ཤིང་བསྒྱུར་དུ་ཡོད་པར་རྟོགས་པའོ།། དེ་ནི་ཕྱྭ་གཤེན་པའི་ལྟ་སྤྱོད་སྒང་དྲིལ་ཏེ་བསྟན་པའོ།། །།
ད་འདི་ནས་མར་སྣང་གཤེན་རྟོགས་པའི་ལྟ་བ་ནི། སེམས་ཅན་རྣམས་ལ་རྐྱེན་གྱིས་བར་དུ་གཅོད་པ། ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གཏོ་ཡིས་སེལ་བར་རྟོགས་ཏེ། དེ་ལ་གྱེར་སྒོ་བཞི་དང༌། སྐད་བཅོང་དགུ་དང༌། གཏང་རག་སུམ་བརྒྱ་དྲུག་ཅུ་ཡི་སྦྱོར་བས་སེལ་ཏེ། གྱེར་སྒོ་བཞི་ནི། གཙང་ཞིང་དག་པར་བྱེད་པ་སེལ་དང་ཁྲུས་ཀྱི་སྒོ། ནུས་མཐུ་དཔུང་སྟོབས་བསྐྱེད་པ་ལྷ་གསས་མཆོད་པའི་སྒོ། ཡས་དང་གླུད་འབུལ་ལན་ཆགས་གདོན་གྱི་སྒོ། འགུགས་ཤིང་སྐྱོབ་པ་ཕྱ་གཡང་གཉན་གྱི་སྒོ་དང་བཞིའོ། །སྐད་གཅོང་དགུ་ལ་ངུར་སྐད་དང་གདངས་སྐད་གཉིས། འཚེར་སྐད་དང་གྲོལ་སྐད་གཉིས། རིང་སྐད་དང་ཐུང་སྐད་གཉིས། ལྟེངས་སྐད་དང་འདུར་སྐད་གཉིས། ངར་ཞིང་འདར་བའི་སྐད་དང་དགུའོ། །གཏང་རག་བཞི་བཅུ་རྩ་གཉིས་ནི། སེལ་དང་ཁྲུས་ལ་གྱེར་བ་བཅུ། ལྷ་གསས་མཆོད་པ་ལ་བཅུ། འདྲེ་སྲིན་གདོན་ལ་གྱེར་བ་ལ་བཅུ། ཕྱ་གཡང་གཉན་ལ་གྱེར་བ་དང་བཅུ། འགྱེད་པ་ཐར་དང༌། རྫོང་པ་གླུད་གཉིས་ཏེ་བཞི་བཅུ་རྩ་གཉིས་སོ། །ཞལ་ནས་གྱེར་བའི་དབྱངས་ཚིག་དང་ཕྱག་ན་བསྣམས་པའི་རྔ་ཐབས་སུ་བསྟུན་ནས། སྣང་ཞིང་སྲིད་པ་ཐམས་ཅད་ལྷ་དང་འདྲེ་རུ་ཡོད་པས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། དེ་ལས་བསྡུས་པས་ལྷ་མ་སྲིན་སྡེ་བརྒྱད་ལས་དང་རྐྱེན་གྱིས་འདོས་པ་རྣམས་ལ། དགོས་དགུའི་ཡས་དང་མཉེས་པའི་ཐགས་ནི། བོན་གྱི་གཏོ་གཞུང་དང་སྦྱར་ནས་བསོགས་ཏེ། ཕན་པའི་ལྷ་དང་གནོད་པའི་འདྲེ་གཉིས། སོ་སོར་ཕྱེ་ནས་མ་ནོར་བསྐོས་བཏབ་ནས། ཕུགས་སུ་ལྷ་གསོལ་གསས་ཀྱིས་བྱིན་ཕབ་པས། གཤེན་ལ་མགོན་མཛད་ཅིང་ཡོན་བདག་ལ་སྐྱབས་མཛད་པའོ། །བར་དུ་བགེགས་ལ་གླུད་ཕུལ་འདྲེ་སྲིན་ལ་རྫོངས་བཏབ་བདེན་པའི་སྨྲང་གིས་བཀྲོལ་ནས། འདྲེ་བགེགས་གླུད་ཀྱིས་མཉེས་ནས་ཡིད་ཀྱི་གདུག་རྩུབ་ཞི། ཐབས་ཀྱི་གཟེར་མདའ་ཕྱུང༌། ནད་དལ་གྱིས་འཕྲོ་གཅད། འགྲས་པ་འདུམ། འཁོན་པ་སྦྱངས་ནས། སླར་རང་རང་གི་གནས་སུ་བསྐྱོད། ཐ་མ་སྒོ་རུ་སྲི་མནན་པས། འདྲེ་བགྲེན་གྱི་སྒོ་གཅོད་ཅིང་ཁ་གཅད། གོད་བྲུབས། ལྷ་ལ་ཡོན་ཕུལ་བགེགས་ལ་གླུད་བཏང་པས། སྔ་མའི་ལན་ཆགས་སྦྱངས། ད་ལྟའི་བུ་ལོན་ཁྱེར་ནས་ཕྱི་མའི་སྙིང་ཁྲིན་འབྱོངས་པར་བྱེད། སྣང་བ་འདི་ལ་ལྷ་ཞེས་བྱ་བ་འཆེས་ཤིང་སྐྱེ་བ་འཕེལ་བ་དང༌། འདྲེ་ཞེས་བྱ་བ་གདོན་ཞིང་འཆི་བ་དང༌། སྐྱེ་འཆིའི་མཐའ་ལྷ་འདྲེས་བྱེད་པར་རྟོགས་པའི་ལྟ་བའོ།། །།
ད་འདི་ནས་མར་ལ་གསུམ་པ་འཕྲུལ་གཤེན་པའི་ལྟ་བ་སྟོན་ཏེ། རྫུ་འཕྲུལ་གྱི་མཐུ་སྟོབས་ཐོགས་པ་མེད་པར་དབང་བསྒྱུར་བའོ། །ཐེག་པའི་དཔེ་དེ་རྩལ་ཆེན་གྱད་ཀྱི་བུ་ལྟ་བུ། ཕས་ཀྱི་རྒོལ་བ་ལ་རྩལ་ཤུགས་དང་སྟོབས་ཀྱིས་དབང་བསྒྱུར་ཚར་གཅད་མི་གནས་པར་བྱེད་པ་བཞིན་དུ། ཐེག་པ་དེས་ལོག་པར་ལྟ་བའི་དགྲ་དང་བགེགས་ལ། སྔགས་དང་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ཚར་བཅད་མི་གནས་པར་བསྒྲལ་ཞིང་སྟོང་པར་བྱེད་པའོ། །དེ་ཡང་བསྟན་པ་ལ་གནོད་པའི་བདུད་དང་སྲིན་པོ་རྣམས་ཚར་གཅོད་ཅིང་བསྲུང་བའོ།། གཡའ་རི་དང་གངས་བྲག་འཇིགས་སུ་རུང་བ། ལྷ་སྲིན་མི་བསྲུན་པ་ཡོད་པའི་གནས་གཟུང༌། ཤ་ཁྲག་དང་སྙིང་སྣ་ལས་སོགས་པ་མཐུན་པའི་རྫས་བཤམ། མཆོད་པ་དང་རང་ལ་དགོས་པ་ཡོ་བྱད་བསག བསྟན་པ་ལ་གནོད་པའི་དགྲ་དང་བགེགས་གང་ཡིན་པ་དེ་ལ་དམིགས་པའི་འབེན་བཅའ། ཐབས་ཆེན་པོ་དྲུག་དང༌། རྫུ་འཕྲུལ་ཡ་མ་ཟུང་བཅུ་གསུམ་གྱིས་གཏན་ལ་དབབ་པའོ། །དེ་ལ་ལྷ་གྲུབ་པའི་རྟགས་ཕྱུང་ལ། ལས་གྲུབ་མ་གྲུབ་དང༌། ལྷ་ཉེ་མི་ཉེ་དང༌། བླ་ཁུགས་མ་ཁུགས་རྣམས། མན་ངག་གིས་དྲོད་ཚད་དུ་བཟུང་ཞིང་ཉམས་སུ་མྱོང་བར་བྱ་བ་ནི། རང་གི་ལྟ་བའི་གཞུང་ངོ༌། །དབལ་མོ་དང་གྱད་མོ་དང་ཐང་མོ་དང༌། གཟེ་མ་སྲིད་པའི་མ་མོ་རྣམས་དང༌། འཇིག་རྟེན་གྱི་ལྷ་རྒྱུད་དྲེགས་པ་ཅན་བོན་ལ་མོས་ཤིང་གཤེན་ལ་གདུང་བ་བསྟན་པ་བསྲུང་བར་ཁས་བླངས་པ་རྣམས། གང་ལ་དམིགས་པ་དེ་སྒྲོལ་ཞིང་འདུལ་བའི་གཉེན་པོར་མཐུ་དང་སྟོབས་བསྐྱེད་དེ། སྔགས་དང་ཕྱག་རྒྱ་ཕོ་ཉ་དང་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱིས། ཐབས་སྣ་ཚོགས་བསྒྱུར་ཞིང་ལས་ལ་སྦྱར་བས། དགྲ་བགེགས་ཀྱི་དངོས་པོ་གང་ཡིན་པ་དེ། དབལ་མོ་དང་གྱད་མོ་ཐང་མོ་དང་ཕོ་ཉ་ལས་མཁན་རྣམས་ཀྱིས། ལུས་ཀྱི་ཁོག་འདྲལ་ཚེ་བསྟུངས་སྲོག་བསྐམས་ཤ་དུམ་ཕུང་པོ་ལྷག་པར་བྱས། རྟོགས་པས་བདག་བསྒྲལ། གྲུབ་པས་གཞན་བསྒྲལ། བདག་གི་ཕུང་པོ་ལྷ་དང་གསས་ཀྱི་རང་བཞིན་ལ། དབལ་མོ་དང་ཕོ་ཉ་ལུས་ལ་སྐར་ལྟར་དུ་བཀོད་དེ། ལྷའི་རང་བཞིན་དུ་གནས། དེ་ཡང་སེམས་སྐྱེ་མེད་དུ་རྟོགས་པས་བདག་བསྒྲལ་བའོ། །དེ་ལྟར་རྟོགས་ཤིང་རྫུ་འཕྲུལ་གྱི་མཐུ་གྲུབ་པས། གཞན་གྱི་རྒྱུད་དགྲོལ་བར་བྱེད་པའོ། །སྒྲུབ་པར་བྱེད་པའི་ཡུལ་བདག་ཉིད་ནི་གཙོ་བོ་འམ་རྗེ་ལྟ་བུ་ལ། དབལ་མོ་དང་ཕོ་ཉ་ལས་བྱེད་ནི་བྲན་ཁོལ་ལམ་འབངས་ལྟ་བུ། ཡུལ་ལམ་གཞན་དུ་སྣང་བ་དགྲའི་རང་བཞིན་རིག་པའམ་བདག་ཏུ་འཛིན་པ་ནི་གཉེན་པོ་རུ་འདོད་ཅིང༌། ཤེས་པ་རིག་པའི་རྫུ་འཕྲུལ་གྱིས་དགྲ་བགེགས་ཀྱི་སྣང་བ་བྱ་བྱེའུ་ལྟ་བུ་ལ། བདག་ཉིད་ཀྱི་རིག་པ་བྱ་ཁྲ་ཧོར་པ་ལྟ་བུར་བསྒྱུར་ནས་དགྲོལ་ཞིང་འདུལ་བར་བལྟ་བ་ནི། ཡང་དག་པའི་བཀའ་ལ་འགལ་བར་བྱེད་པའི་སྡིག་ཅན་རྣམས། རྫུ་འཕྲུལ་མཐུས་ཆམ་ལ་ཕབ་ནས། གཤེན་རབ་ཀྱི་བསྟན་པ་རིན་པོ་ཆེ་གཉན་པར་བསྲུངས་པར་ལྟ་བ་ནི་ལྟ་བའོ།། །།
ད་བཞི་པ་འདུར་གཤེན་པའི་ལྟ་བ་ནི། སྐྱེ་འགྲོ་སེམས་ཅན་ལ་སྐྱེ་མཐའ་འཆི་བ་ལ་ཐུག་སྟེ། ཤི་ཐབས་བརྒྱད་ཅུ་རྩ་གཅིག་ངོས་བཟུང་ནས་ནི། དེ་ལ་སེམས་ཅན་རྣམས་ནི་ཚེ་ཐུང་ཞིང་ནད་མང་བས། འཕྲལ་དུ་རྐྱེན་གྱིས་འཆི་བར་བྱེད་པའོ། །དེ་ཡང་འདུ་བའི་ནད་ཀྱིས་འཆི་བ་ཉི་ཤུའི་ཆ། གློ་བུར་གདོན་གྱིས་འཆི་བ་ཉི་ཤུའི་ཆ། འཐབ་རྩོད་མཚོན་གྱིས་འཆི་བ་ཉི་ཤུའི་ཆ། བར་ཆོད་རྐྱེན་གྱིས་འཆི་བ་ཉི་ཤུའི་ཆ། ཚེ་ཟད་ལས་ཀྱིས་འཆི་བ་གཅིག་གི་ཆ་སྟེ་བརྒྱད་ཅུ་རྩ་གཅིག་གོ །ཤི་ཐབས་དེ་རྣམས་ཀྱང་འདུར་སྒོ་བཞིར་འདུས་ཏེ། བཀྲ་དང་བཀྲེའུ་གཉིས་གྲི་དང་མཚོན་གཉིས་ཏེ་བཞིར་འདུས་པར་བལྟ་ཞིང༌། འདུར་བའི་ཐབས་ནི། ཤི་རབས་སྨྲང་གིས་བཀྲོལ། ཡས་ཐགས་རྟེན་དང་ཆས་ནས་འདུར་བ་དེ་ཡང༌། བླ་ཡིད་སེམས་དང་གསུམ་ཕུང་པོ་ལུས་དང་བཞི་ལ་བརྟེན་པའི་ཤི་རབས་དང་ཆོ་འབྲང་བརྒྱ་ཉི་ཤུ། བསྐལ་སྲིད་གཤོག་དང་གསུམ་འདྲེན་པའི་ནམ་མཁའ་དང་བཞི་ལ་རྟེན་པའི་ཤི་རབས་དང་ཆོ་འབྲང་བརྒྱ་ཉི་ཤུ། གཤེད་སྦྱོངས་གཏད་ཡར་གསུམ་ལམ་གནས། ཕུགས་ཀྱི་གཏོ་ནས་སྦྱོང་པ་བརྒྱ་ཉི་ཤུ་སྟེ་སུམ་བརྒྱ་དྲུག་ཅུའོ། །དེ་ཡང་གཞི་ལམ་འབྲས་བུའི་ཚུལ་དུ་སྦྱར་ནས། བྱམས་ཤིང་གདུང་བའི་ཐུགས་རྗེ་མ་དང་འདྲ་བས། ཚེ་འདས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ན་འཁྱམས་པ་ལ། བག་ཆགས་སྡིག་སྒྲིབ་སྦྱོང་ཞིང་འདྲེན་པའི་ཐབས་ལ་མཁས་པས། གསོན་པོ་ནི་སྣང་བའི་ཡུལ་ལ། གཤིན་པོ་ནི་མི་སྣང་བའི་ཡུལ་ལ། སྣང་བ་དང་མི་སྣང་བའི་བར་ནི་གསོན་གཤིན་གྱི་མཚམས་སོ། །དེ་ནས་ཤི་བའི་ཆོ་རབས་དང་མི་རྟག་པའི་གཏན་ཚིགས་ཀྱིས། ལས་དང་ཐུགས་རྗེ་བདེན་པར་ངེས་པའི་བརྡ་དོན་ལ་སྦྱོར་བའོ། །ཡང་ན་ལན་ཆགས་གླུད་དང་གཏོར་མ་དང༌། གཏོ་ཡས་སྨྲ་དང་ཐུགས་རྗེ་ཡིས་བློ་ཡི་བག་ཆགས་ངན་པ་སྦྱོངས་ལ། སེམས་ཀྱི་སྒྲིབ་པ་འཐུག་པོ་སེལ། ཡིད་འཁོར་བའི་སྡུག་བསྔལ་མྱང་འདས་ཀྱི་འདམ་ལས་སངས་པར་བྱེད་པའོ། །ཡང་ན་ཕྱིའི་ཡུལ་འདི་བསྐལ་པས་ཆགས་ཤིང་སྲིད་པས་འཁྲུལ་པར་བལྟ་ལ། ནང་གི་བཅུད་ནི་བླ་སེམས་ཡིད་དང་གསུམ་དུ་བལྟ་བའོ། །དེ་ཡང་གཞི་ལ་བག་ཆགས་བསགས་པས་བླ་དེའི་རྗེས་སུ་འབྲེངས་པས་སེམས། དེ་ལ་སྡུག་བསྔལ་སྣ་ཚོགས་པ་རྒྱུ་བས་ཡིད་ཡིན་པར་འདོད་པ་ནི་ལྟ་བའོ། །དེ་ཡན་ཆད་རྒྱུའི་བོན་བཞིའི་ལྟ་བ་བསྟན་པའོ། །ཐེག་པ་དེ་རྣམས་ལ་ལྟ་བ་ནི་ལྟ་བའི་སྒང་འགྲེལ་དུ་བསྟན་པས་འདིར་མ་གསུངས་སོ།། །།
ད་འབྲས་བུའི་བོན་བཞི་ལས། དགེ་བསྙེན་པའི་ལྟ་བ་བསྟན་པ་ནི། སྒྲིབ་སེལ་འཇུག་པ་དགེ་བསྙེན་ཀྱི་ལྟ་བ་ཞེས་བྱ་སྟེ། སྒྲིབ་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སེལ་བར་བྱེད་ལ། དེ་ལ་ཚད་མེད་པ་བཞི་དང་ལྡན་དགོས་ཏེ། ཐིག་མ་ནོར་བ་ལེ་མ་བཅོས་པ་ཉིད་ཀྱིས་དོན་སྟོན་པར་བྱེད་དེ། འཇིག་རྟེན་གྱི་ཡུལ་མི་རྟག་སྒྱུ་མ་ལ། རྒྱུ་ལས་བསྐྱེད་ཅིང་རྐྱེན་གྱིས་འཇིག ཆགས་འཇིག་གནས་སྟོངས་སྒྱུ་མ་ལྟ་བུར་འདོད། ཕུང་པོ་སྒྱུ་མ་མི་རྟག་རྫས་ཀྱིས་གང༌། ཁུ་ཁྲག་རྒྱུ་ལས་གྲུབ་པ་གློ་བུར་རྐྱེན་གྱིས་འཇིག སྐྱེ་རྒས་ན་འཆི་མི་རྟག་སྒྱུ་མར་འདོད། སེམས་ཀྱི་ཐོག་མ་ཐ་མ་ནི། སེམས་ནི་རྒྱུ་ཡིན་འབྲས་བུ་བསྒྲུབ་ཏུ་ཡོད་པར་འདོད། དཔེར་ན་དཔྱིད་ནས་ས་བོན་བཏབ་ན་སྟོན་ན་འབྲས་བུ་སྨིན་པ་བཞིན། རྒྱུ་ལ་འབད་རྩོལ་བྱས་པས་འབྲས་བུ་ཐོབ་པར་འདོད་པ་ནི་ལྟ་བའོ། །སྔོན་དུ་འཁྲུལ་པའི་རྒྱུ་ཡོད་པས། བར་དུ་དཀའ་བ་སྣ་ཚོགས་ཀྱིས། སེམས་ལ་སྔོན་ནས་འཁྲུལ་པའི་རྒྱུ་ཡོད་པས། སེམས་དེ་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་ཤིང་ཐར་པ་མ་ཐོབ་པའོ། །དེ་ཡང་ད་ལྟ་མི་ལུས་ཐོབ་པའི་དུས་འདི་རུ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། བར་དུ་དཀའ་བ་སྣ་ཚོགས་པ་སྤྱད་དགོས་ཏེ། ལུས་ཀྱི་སྒོ་ནས་སྲོག་མི་གཅོད་པ་དང༌། མ་བྱིན་པར་མི་བླངས་པ་དང་འདོད་པ་ལོག་པར་མི་སྤྱད་པ། ངག་གི་སྒོ་ནས་བརྫུན་ཚིག་དང་ཕྲ་མ་མི་སྨྲ་བ་དང༌། ཚིག་རྩུབ་མོ་དང་ངག་འཁྱལ་བར་མི་སྨྲ། ཡིད་ཀྱི་སྒོ་ནས་མནར་སེམས་དང་གནོད་སེམས་མི་གཏང༌། ཕྱིན་ཅི་ལོག་ཏུ་མི་ལྟ་ཞིང་དགེ་བ་བཅུ་དང་དུ་བླངས་ལ་སྤྱད། མ་ཆགས་པའི་སྦྱིན་པ་དམིགས་པ་མེད་པར་ཀུན་ལ་སྙོམས་པར་གཏང༌། དགེ་བ་འཕྲ་མོ་ཙམ་ལ་འབད་དེ་དང་དུ་བླངས་པར་བྱའོ། །སྡིག་པ་བཅུ་རྒྱབ་ཏུ་བོར་ནས་ཚད་མེད་བཞི་དང་དུ་བླང་དེ་ཡང་ཚད་མེད་པ་བཞི་ནི། བྱམས་པ་དང་སྙིང་རྗེ་དང་དགའ་བ་ཚད་མེད་པ་དང་བཏང་སྙོམས་ཚད་མེད་པའོ། །དེ་ལས་བྱམས་པས་ནི་ཀུན་ལ་སྐྱོབ་ལ། སྙིང་རྗེས་གདུང་ཞིང་འཛིན་པ། དགའ་བས་ནི་སྤྲོ་བ་སྐྱེ་སྟེ། མི་སྐྱོ་མི་ཡེངས་པའི་རང་བཞིན་ཅན་ནོ། །བཏང་སྙོམས་ནི་ཀུན་ལ་སྙོམས་ཏེ་མི་འབྱེད་པའོ། །དེ་ལྟར་ཚད་མེད་པ་བཞི་རང་གི་རྒྱུད་ལ་བསྒོམས་ཤིང་མི་འབྱེད་པ་ལྟར་རོ། །ལུས་ངག་ཡིད་གསུམ་གྱིས། སྲོག་གཅོད་པ་ལས་སོགས་སྡིག་པ་བཅུ་སྤང་པའོ། །སྡིག་པ་ནི་ཕྲན་ཚེགས་དག་ལ་འཛེམ་ཞིང་སྤོང་པ་ནི་ལྟ་བའོ། །ཡང་ན་ཚངས་པར་སྤྱོད་པ་གཤེན་རབ་ཀྱི་ལུས་ངག་ཡིད་གསུམ་དཀའ་ཐུབ་ཀྱི་སྒོ་ནས། དགེ་བའི་ལས་སྤྱོད་བཅུ་དང་དུ་བླངས་ནས། སྤྱད་པའི་བྱིན་རླབས་ཀྱིས། དཔེར་ན་འབྱུང་བ་དྲོད་མེ་དང་རླན་གྱིས་རྩི་ཤིང་ནགས་ཚལ་ཐམས་ཅད་ཁ་འབུས་ནས། ལོ་འདབ་དང་མེ་ཏོག་འབྲས་བུ་རྣམས་དུས་སུ་སྨིན་ནས་འཁྲུངས་པ་ལ། དགོས་འདོད་གང་ལ་ཡང་ལོངས་སྤྱོད་བྱེད་པ་ལྟར། དད་པའི་དྲོད་སེར་གྱིས་དགེ་བའི་རྩི་ཐོག་ཁ་འབུས་ནས། མཐོ་རིས་དང་ཐར་པའི་འབྲས་བུ་ལ་ལོངས་སྤྱོད་དུ་ཡོད་པ་ནི་སྤྱོད་པའོ། །ཡང་ན་གོང་མ་བཞིན་དུ་དགེ་བའི་ལས་སྤྱོད་བཅུ་པོ་དེས། སྔོན་དུ་ཡང་ཚོགས་བསགས་སྒྲིབ་པ་སྦྱངས་པ་ཚུལ་ཁྲིམས་བསྲུངས་པས། ད་ལྟ་ཡང་སྐྱེ་བ་འདི་ལྟ་བུ་ཐོབ་པ་ཡང་སྔོན་སྦྱངས་བའི་འཕྲོ་ཡིན་པའོ། །ད་ཡང་ཚེ་འདི་ལ་ལས་བཟང་པོ་ལ་སྤྱད་པས། སྡིག་སྒྲིབ་བཤགས་ཤིང༌། དཀའ་ཐུབ་དང་ཚུལ་ཁྲིམས་བསྲུངས་པས། འཁོར་བ་ངན་སོང་གསུམ་དུ་མི་ལྟུང་ཞིང༌། བདེ་བར་འགྲོ་བ་ཐར་པའི་འབྲས་བུ་ཐོབ་ཏུ་རེ་བ་དེ་ཡང་ལྟ་བའོ།། །།
ད་འདི་ནས་འབྲས་བུའི་ཐེག་པ་གཉིས་པ་དྲང་སྲོང་པའི་ལྟ་བ་སྟོན་ཏེ། འཇིག་རྟེན་པའི་འཁོར་བའི་འདམ་རྫབ་ལས་འཕགས་ཏེ། སྣོད་ཀྱི་འཇིག་རྟེན་སྣང་བའི་ཡུལ་འདི་ཡང༌། དང་པོ་རླུང་དང་ཆུའི་རྫུ་འཕྲུལ་ལས། ཕྲ་རབ་རྡུལ་དང་རྡུལ་ཕྲན་ལས་ཆགས། ཐ་མ་ན་མེ་བདུན་ཆུ་གཅིག་གི་བསྐལ་པས་འཇིག་པས། མི་རྟག་སྒྱུ་མའི་རང་བཞིན་དུ་ཤེས་ལ། ཕུང་པོ་ལུས་ཀྱི་སྲིད་པ་འདི་ཡང༌། དང་པོ་ཕོ་མོའི་སྲེད་ལེན་ལ་རྒྱུ་བྱས་ཏེ། རྩ་དང་ཆུ་བྲན་ཤ་དང་རུས་པར་ཚིགས། ཐ་མ་མི་རྟག་འཆི་འཕོར་སྟོན་པས། སྒྱུ་མའི་རང་བཞིན་ནོ། །དེ་ཉིད་ཀྱི་སྡུག་བསྔལ་ལས་ཐར་པར་འདོད། དཀའ་ཐུབ་གཅིག་པུར་གནས་པ་དང༌། ཚུལ་ཁྲིམས་སྡེ་པར་གནས་པ་སྟེ། ཐོས་བསམ་གྱི་ཤེས་རབ་དང༌། མོས་གུས་ཀྱི་དད་པ་ཆེ་བ། ལུས་ངག་ཡིད་གསུམ་ཁྲུས་དང་གཙང་སྒྲའི་སྒོ་ནས། དག་པར་དགེ་བ་སྤྱོད་ཅིང༌། གཡོ་སྒྱུ་མེད་པར་དྲང་པོར་སྲོང་པས་དྲང་སྲོང་ངོ༌། །དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་དང་རི་རབ་གླིང་བཞི་གླིང་ཕྲན་དང༌། ལྕགས་རི་མུ་ཁྱུད་བཅས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་འདི། སེམས་ཅན་གྱི་སྤྱི་མཐུན་གྱི་བསོད་ནམས་ལས། ནམ་མཁའ་སྟོང་པ་ལས། ཤིན་ཏུ་ཆ་ཕྲ་བའི་རྡུལ་བྱུང་པ་ལས་ཇེ་ཆེ་ཇེ་འཕེལ་དེ། ཕྲ་རབ་ལས་གྲུབ་པར་ལྟ་བའོ། །དེ་ལ་ཡང་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞིས་བསྡུས་པ་འདི། ངོ་བོ་གཅིག་ཏུ་འདོད་དེ། སྣོད་ཀྱི་རང་བཞིན་ནོ། །སོ་སོ་བྱེ་བྲག་ནི། འབྱུང་བ་རང་རང་གི་མཚན་ཉིད་སོ་སོར་འབྱེད་ཅིང༌། འཛིན་པས་འབྱར་ལ་མ་རེག་པར་འདོད་པའོ། །ཡང་ན་གཟུང་བའི་ཡུལ་དུ་སྣང་བ་འདི། ཀུན་རྫོབ་སྒྱུ་མ་ཡིན་ཏེ་དོན་དམ་པར་སྐད་ཅིག་ཙམ་ཡང་མ་གྲུབ་པའོ། །དེ་ཡང་ཐོས་བསམ་གྱི་ཤེས་རབ་དང༌། རིག་པའི་སྟོབས་ཆུང་ཡང་ཚུལ་ཁྲིམས་གཙང་མ་མ་ནོར་བར་སྲུང་བར་བྱེད་ལ། སྣང་སྲིད་སྣོད་བཅུད་འཁོར་བའི་བོན་འདི་ཡང༌། འབྱུང་བ་ལྔའི་རྟེན་འབྲེལ་གཅིག་གི་ཤུགས་ལ་གཅིག་འབྱུང་བར་ཤེས་ལ། སྣང་སྲིད་བཅུད་ཀྱི་སེམས་ཅན་ནི། གཞི་མ་རིག་པ་རྐྱེན་སྲེད་ལེན་ལས་འདུ་བྱེད། འཇུག་པ་རྣམ་པར་ཤེས་པ། འཛིན་པ་མིང་དང་གཟུགས། རྟེན་པ་སྐྱེ་མཆེད་དྲུག འབྲེལ་བ་རེག་པ། མྱོང་པ་ཚོར་བ། གདུངས་པ་སྲིད་པ། མཐའ་རྒས་པ་དང་ཤི་བ། དེ་ལྟར་རྟེན་འབྲེལ་བཅུ་གཉིས་ཀྱི་སྟོབས་ལས་འབྱུང་བའོ། །དེ་ལས་བཟློག་པ་མྱ་ངན་ལས་འདས་པར་ཤེས་ཏེ། ལུས་ལ་གཏི་མུག ངག་ལ་འདོད་ཆགས། ཡིད་ལ་ཞེ་སྡང་སྟེ་ཉོན་མོངས་པའི་དུག་གསུམ་སྦྱང་བའི་ཕྱིར་དུ། ཕོ་ཁྲིམས་རྩ་བ་བཞི་ཡི་སྒོ་ནས་བསྲུང་སྟེ། རྩ་བ་བཞི་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ་དང་གསུམ་ལུས་ཀྱི་སྒོ་ནས་བསྲུང༌། ངག་གི་སྒོ་ནས་ངག་འཁྱལ་བ་དང་ཕྲ་མ་བཞི་བསྲུང་པའོ། །ཡན་ལག་ནི་སྲོག་གཅོད་པ་ལ་ཉེས་དམིགས་ལྔ་བཅུ། མ་བྱིན་པར་ལེན་པ་ལ་ཉེས་དམིགས་ལྔ་བཅུ། མི་ཚངས་པར་སྤྱོད་པ་ལ་ཉེས་དམིགས་ལྔ་བཅུ། བརྫུན་དུ་སྨྲ་བ་ལ་ལྔ་བཅུ། ཁ་ཟས་དང་སྤྱོད་ལམ་གྱི་སྒོ་ནས་ལྔ་བཅུ་སྟེ། ཉིས་བརྒྱ་ལྔ་བཅུ་ཚང་པར་བསྲུང་པའོ། །མོ་ཁྲིམས་རྩ་བ་བརྒྱད་ཀྱིས་གཞི་བཟུང་ནས་བསྲུང་བར་འདོད་དེ། རྩ་བ་བརྒྱད་ནི། བརྫུན་དང་འཕྲ་མ་དང༌། འདོད་ལོག་མ་བྱིན་པར་ལེན་པ། སྲོག་གཅོད་པ་དང་ལོག་ལྟ། ཁོང་ཁྲོ་དང་གནོད་སེམས་དང་བརྒྱད་བསྲུང་དགོས་པར་འདོད་ལ། ཡན་ལག་ནི་ལུས་ཀྱི་སྒོ་ནས་བསྲུང་བའི་ཁྲིམས་བརྒྱ། ངག་གི་སྒོ་ནས་བསྲུང་བའི་ཁྲིམས་བརྒྱ། ཡིད་ཀྱི་སྒོ་ནས་བསྲུང་བའི་ཁྲིམས་བརྒྱ། སྤྱོད་ལམ་གྱི་སྒོ་ནས་བསྲུང་བའི་ཁྲིམས་ཉི་ཤུ། རྒྱན་དང་གོས་ལག་གི་སྒོ་ནས་བསྲུང་ཁྲིམས་ཉི་ཤུ། ཤ་ཆང་དང་སྒོག་བཙོང་གི་ཁ་ཟས་ལས་སོགས་ཀྱི་སྒོ་ནས་ཉི་ཤུ་སྟེ་སུམ་བརྒྱ་དྲུག་ཅུ་བསྲུང་པའོ། །དགེ་བསྙེན་གཏན་ཁྲིམས་ལྔ་བསྲུང༌། སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པ་ལོག་པ། རྫུན་དུ་སྨྲ་བ། ལོག་པར་འཛིན་པ་ལྔའོ།། བསྙེན་གནས་ཡན་ལག་བརྒྱད་བསྲུང་དགོས་ཏེ། དེ་ཡང་འདི་ལྟར་བསྲུང་བ་སྟེ། བྲོ་གླུ་དང༌། རྩེད་འཇོ་དང༌། རྒྱན་དང་བྱུག་པ། བག་མེད་དང་ཚོད་ཡོད། ཁྲི་སྟེགས་དང་གདན་མཐོན་པོ་སྤང་པའོ། །ཁ་ཟས་ཀྱི་སྒོ་ནས་བཞི་སྟེ། ཤ་ཆང་སྒོག་པ་དང་གསུམ། དུས་མ་ཡིན་པའི་ཁ་ཟས་དང་བཞི་བསྲུང་པའོ། །དེ་ཡང་ཕོ་ཁྲིམས་དང་མོ་ཁྲིམས་ལ་བསྲུང་བྱ་སྤང་བར་བྱ་བ་དང༌། མཐུན་བྱེད་དང་དུ་བླང་པ་ཟབ་ཅིང་ཆ་ཕྲ་བའི་སྒོ་ནས། ལུས་ངག་ཡིད་གསུམ་འཁྲུལ་བའི་བག་ཆགས་ཉོན་མོངས་པའི་བག་ཆགས་འཐུག་པོ་སྦྱང་དུ་ཡོད་པར་ལྟ་བའོ། །ཡང་ན་བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་བསྒོམ་ཞིང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། སྟོབས་དང༌། སྙིང་རྗེ་དང༌། སྨོན་ལམ་དང༌། ཐབས་དང༌། ཤེས་རབ་དང་བཅུ་སྤྱོད་ཅིང་ཉམས་སུ་ལེན་པ་ནི་ལྟ་བའོ། །ཡང་ན་ཚུལ་ཁྲིམས་ཀྱི་དཔེ་ནི། ཆུ་དགུན་གྱི་དུས་སུ་དབང་ལ་ཐེབས་པ་ཆབ་རོན་དུ་འགྱུར་བ་ལ། ཉི་མ་དང་དྲོད་འབབས་པའི་དུས་སུ། ཆབ་བྲམ་ཉིད་ཆུར་གྱུར་པ་བཞིན་དུ། ཚུལ་ཁྲིམས་དང་སྡོམ་པ་རྣམ་པར་དག་པས། བག་ཆགས་དང་སྒྲིབ་པ་འབྱོངས་ཙམ་ན་བརླན་མེད་པའི་འབྲས་བུ་རང་ལ་ཡོད་པར་འགྱུར་བ་ནི་ཡང་དག་པའི་ལྟ་བའོ། །དེ་ཡན་ཆད་དྲང་སྲོང་བའི་ལྟ་བ་བསྟན་པའོ།། །།
ད་འདི་ནས་མར་ལ་གསུམ་པ་ཨ་དཀར་བའི་ལྟ་བ་སྟོན་ཏེ། དེ་ཡང་ཕྱི་རོལ་གྱི་ཡུལ་འབྱུང་བ་ཆེན་པོ་ལྔ་རུ་སྣང་བ་འདི། མ་སྤངས་ཏེ་ཡུམ་ཆེན་མོ་ལྔའི་མཁའ་རུ་ཤར་རོ། ། དོན་དམ་པར་རིག་པ་ཡེ་ཤེས་འཇུག་པ་ནི། རིགས་ལྔ་ཡབ་ཀྱི་ཀློང་ངོ༌། སྣང་སྟོང་དབྱེར་མེད་པ་ནི། མཚན་མ་དང་བྲལ་བའི་དབྱིངས་སོ། །དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ནི་གཞལ་ཡས་ཁང་གི་རང་བཞིན། ནང་བཅུད་ཀྱི་སྲིད་པ་ནི། ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རིག་པས་འགྲུབ་པར་བལྟ་བའོ། །ཡང་ན་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ་པར་ཤེས་པ་དང་བཅས་པ་འདི། ཡེ་ནས་ལྷ་དང་ལྷ་མོའི་རང་བཞིན་ཡིན་པ་ལ། དེའི་དཀྱིལ་འཁོར་ནི་སྐུ་ཙ་ཀ་ལི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་དཀྱིལ་འཁོར་དང་གསུམ་མོ།། དྲུག་ནི་རིགས་ལྔ་སོ་སོའི་དཀྱིལ་འཁོར་དང༌། རིགས་བསྡུས་རྩ་བའི་དཀྱིལ་འཁོར་དང་དྲུག་ཏུ་ཤར་རོ། །ལྷའི་དཀྱིལ་འཁོར་གསལ་རྫོགས་སུ་བསྐྱེད་པ་དེ་རྣམས་ཀྱང༌། ཆུ་ཟླའི་དཀྱིལ་འཁོར་ལྟར་མཉམ་ལ་མ་འདྲེས། མེ་ལོང་གི་གཟུགས་བརྙན་ལྟར་གསལ་ལ་དངོས་མེད། གཞའ་ཚོན་གྱི་རི་མོ་ལྟར་སྣང་ལ་རང་བཞིན་མེད་པར་བལྟ་བའོ། །ཡང་ན་བོན་ཉིད་ཀྱི་དབྱིངས་གཡོ་བ་མེད་པའི་ངང་ལས། གསལ་བའི་ཡེ་ཤེས་ཇིར་ཡང་འཆར་ལ། དེ་ཙམ་ན་བསྙེན་པའི་གཞི་མ་སྒོ་དགུ་དང་ཡན་ལག་བཅོ་བརྒྱད་བསྒྲུབ་པའི་བོན་བསམ་གྱིས་མི་ཁྱབ་པ་རང་བཞིན་གྱིས་གསལ་ཏེ། དེ་ཡང་ལུས་ཕྱག་རྒྱ་ལ་བརྟེན་པའི་སྒོ་གསུམ་དང༌། ངག་སྙིང་པོ་ལ་བརྟེན་པའི་སྒོ་གསུམ་དང༌། ཡིད་ཏིང་ངེ་འཛིན་ལ་བརྟེན་པའི་སྒོ་གསུམ་སྟེ་དགུའོ། །ཕྱག་རྒྱ་ནི་གཞིའི་ཕྱག་རྒྱ་དང༌། བསྐྱེད་པའི་ཕྱག་རྒྱ་དང༌། བསྒྱུར་བའི་ཕྱག་རྒྱའོ། །སྙིང་པོ་གསུམ་ནི་མཚོན་པའི་སྙིང་པོ་དང༌། བསྐྱེད་པའི་སྙིང་པོ་དང༌། བཟླས་བརྗོད་ཀྱི་སྙིང་པོ་དང་གསུམ་མོ། །ཏིང་ངེ་འཛིན་གསུམ་ནི། དེ་བཞིན་ཉིད་དང༌། ཀུན་ཏུ་སྣང་དང༌། རྒྱུའི་ཏིང་ངེ་འཛིན་དང་གསུམ་སྟེ་དགུའོ། །ཡན་ལག་བཅོ་བརྒྱད་ནི་ཐུན་མོང་༼ནོར་དང་༽གི་བསྒྲུབ་པ་༼རྫས་མཐུ་༽དྲུག་དང༌། ཐུན་མོང་མ་ཡིན་པ་༼ཡེ་སངས་རྒྱས་ཀྱི་དངོས་གྲུབ།༽དྲུག་དང༌། ཁྱད་པར་མཆོག་གི་བསྒྲུབ་པ་༼ཚེ་དབང་རབ་གནས།༽སྟེ་དྲུག་གོ །ཐུན་མོང་གི་དྲུག་ནི། ཚེ་དང་བསོད་ནམས་ལོངས་སྤྱོད་དང༌། ཆུང་སྲིད་དང་རྫུ་འཕྲུལ་དང་བྱིན་རླབས་བསྒྲུབ་པ་དང་དྲུག་གོ། ཐུན་མོང་མ་ཡིན་པ་དྲུག་ནི། རིགས་ལྔ་ཚོམ་བུར་བསྒྲུབ་པ་དང༌། རིགས་བསྡུས་ཕྱག་རྒྱ་ཆེན་པོར་བསྒྲུབ་པ་དང་དྲུག་གོ །ཁྱད་པར་མཆོག་གི་བསྒྲུབ་པ་དྲུག་ནི། རྟེན་པའི་ལུས་ཆགས་པའི་རྩ། བཀོད་པའི་འཁོར་ལོ། གནས་པ་ལྷ་བསྐྱོད་པ་རླུང༌། སྨིན་པ་འབྲས་བུར་བསྒྲུབ་པ་དང་དྲུག་གོ །ཡང་ན་གསལ་བ་ཆེན་པོས་ཁོག་དབུབ་སྟེ། དེ་བཞིན་ཉིད་སྟོང་པ་ཆེན་པོར་གསལ་བ་དང༌། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཚད་མེད་བཞིར་གསལ་བ་དང༌། རྒྱུའི་ཏིང་ངེ་འཛིན་ལྷའི་དཀྱིལ་འཁོར་ཡོངས་སུ་གསལ་བ་དང་གསུམ་གྱིས་ཁོག་དབུབ། དེ་ཡང་ངག་གི་ལས་སུ་བཟླས་བརྗོད། ལུས་ཀྱི་ལས་སུ་ཕྱག་རྒྱ། ཡིད་ཀྱི་ལས་སུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཕྲིན་ལས་སོ། །ཡང་ན་ཤིན་ཏུ་གསང་བ་ནི། རང་གི་རིག་པ་བརྟག་པར་དཀའ་བས། ཕལ་གྱིས་མི་མཐོང་མི་རྙེད་པ་སྟེ་དེ་ནི་ཡང་དག་ལྟ་བའོ། །དེ་ཡན་ཆད་དུ་གསུམ་པ་ཨ་དཀར་བའི་ལྟ་བ་བསྟན་པའོ།། །།
ད་འདི་ནས་མར་བཞི་པ་ཡེ་གཤེན་པའི་ལྟ་བ་སྟོན་ཏེ། དེ་ཡང་ཡེ་གཤེན་པས་ནི་བོན་ཐམས་ཅད་སེམས་ལས་བྱུང་བར་ལྟ་ཞིང་སེམས་དང་མི་ལྡན་ན་བོན་མེད་པར་ལྟ་སྟེ། སེམས་ལས་བྱུང་བའི་བོན་དེས་ཉོན་མོངས་པ་འཇོམས་ཤིང་འཁོར་བ་ལས། བདེ་བར་བགྲོད་པའི་དཔའ་བོ་ཆེན་པོ་ཡིན་པའོ། །དེ་ཡང་སྣོད་བཅུད་རྒྱུ་འབྲས་སྣ་ཚོགས་ཡུལ་དུ་གསལ་བ་འདི་སེམས་ཅན་ཙམ་༼སེམས་ཙམ་༽སྟེ་རྣམ་པར་རིག་པའོ། །དེ་ཡང་རྨི་ལམ་ཡུལ་གྱི་སྣང་བའམ། སྒྱུ་མའི་ཆོ་འཕྲུལ་གཟུགས་བརྙན་ལྟར་ཡང་མི་རྟག་པའོ། ། སེམས་ལ་རང་བཞིན་མེད་དེ། རང་རིག་རང་གིས་གསལ་ཏེ། རྟོག་པ་མེད་པའི་ངང་ལ་གནས་པའོ། །ཡང་ན་ཡུལ་གྱི་སྣང་བ་ཁ་དོག་དཀར་དམར་སྣ་ཚོགས་གཟུགས་དང་རྣམ་པར་བཅས་པ། དབང་པོ་ལྔའི་སྤྱོད་ཡུལ་དུ་རྣམ་པར་རིག་པ་འདི། སྒྱུ་མ་རྨི་ལམ་ལྟ་བུ་སྟེ་དོན་དམ་པར་གཞིགས་ན་རང་བཞིན་མེད་པའོ། །དེ་ཡང་སེམས་དཔའ་ཆེན་པོ་མཐའ་གཉིས་དང་བྲལ་བ་ནི་དབུས་ཉིད་དོ། །ཡང་ན་ཀུན་རྫོབ་ཀྱི་བདེན་པ་ཁ་དོག་ཡུལ་གྱི་སྣང་བ་རྣམ་པར་རིག་པ་འདི། སྒྱུ་མ་ལྟ་བུ་སྟེ་སྣང་ལ་རང་བཞིན་མེད་དེ། དོན་དམ་པར་ན་སེམས་ཉིད་མ་སྐྱེས་པས་སྟོང་པ་ཉིད་ དོ། །ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟར་སྣང་བ་དང༌། དོན་དམ་པའི་བདེན་པ་མ་སྐྱེས་སྟོང་པར་ལྟ་བ་གཉིས། ཡོད་མེད་གཉིས་སུ་མ་དམིགས་མཐའ་དང་བྲལ་བའོ། །དེ་ཡང་ཡོད་པར་མི་གནས་པས་སྒྲོས་བཏགས་སུ་མེད་ལ། མེད་པར་མི་གནས་པས་སྐུར་པ་གདབ་ཏུ་མེད་དེ། མཐའ་དང་བྲལ་བའི་སེམས་ཉིད་ནི། མ་བཅོས་པའི་ཐིག་ལེ་ཉག་གཅིག་ཡིན་པ་སྟེ། ཕྱིན་ཅི་མ་ལོག་པའི་བློ་མེ་མར་གྱི་འོད་ལྟ་བུ། གསལ་བ་ཁྱབ་པའི་ཐུགས་རྗེ་ཆེན་པོ་སྐྱེས་པ་སྟེ། བྱམས་དང་སྙིང་རྗེ་དགའ་བ་དང་བཏང་སྙོམས་བཞི་རྒྱུད་ལ་བསྒོམ་ཞིང༌། སྦྱིན་པ་ནས་ཤེས་རབ་བར་དུ་བཅུ་སྤྱོད་ཅིང་ཉམས་སུ་ལེན་པ་ནི་ལྟ་བའོ། །ཡང་ན་འཁོར་བའི་བོན་ཀུན་རྫོབ་ཀྱི་བདེན་པ་དང༌། མྱ་ངན་ལས་འདས་པའི་བོན་དོན་དམ་པའི་བདེན་པ་གཉིས། མཉམ་ལ་མ་འདྲེས་པར་ལམ་དུ་ཤེས་ཤིང་རྫོགས་ལ། ཕྱི་སྟོང་པ་ཉིད་ནས་ངོ་བོ་མེད་པའི་ངོ་བོ་ཉིད་སྟོང་པས། སྐྱེ་བ་མེད། འགག་པ་མེད། འགྲོ་བ་མེད། འོང་བ་མེད། ཕྱིན་པ་མེད་གནས་པ་མེད་པར་སྨིན་པ་ནི་ལྟ་བའོ། །ཡང་ན་ཕྱི་ནང་འཁོར་འདས་ཀྱིས་བསྡུས་པའི་བོན་འདི། ཀུན་རྫོབ་སྒྱུ་མ་ཙམ་དུ་བདེན་ལ། དོན་དམ་པར་ན་རང་བཞིན་མེད་པར་རྟོགས་ཏེ། རབ་ཏུ་མི་གནས་པ་སྟེ། སྟོང་པ་ཆེན་པོ་ལ་རབ་ཏུ་མི་གནས་པ་སྟེ། ཡང་དག་པའི་ལྟ་བའོ། །དེ་མན་ཆད་དུ་འབྲས་བུའི་བོན་བཞིའི་ལྟ་བའོ།། །།
ཡང་ན་ཐེག་པ་གོང་འོག་གི་ཁྱད་འདི་ལྟ་སྟེ། ཕྱྭ་གཤེན་པས་ནི་བྱ་བ་པོ་དང་བྱེད་པ་པོས་བྱས་ནས། ལུས་ནི་ཤི་ནས་སེམས་ཀྱང་ཤི་བར་རྟོགས་པ་དང༌། སྣང་གཤེན་པས་ནི། ལྷ་ཞེས་བྱ་བའི་བཟང་བཟང་པོའམ་ཕན་ཕན་པོ་ཞིག་གིས་སེམས་ཅན་གསོ་བར་རྟོགས་ལ། འདྲེ་ཞེས་བྱ་བ་ངན་ངན་པོ་ཞིག་གིས་སེམས་ཅན་ཟ་ཞིང་གསོད་པར་རྟོགས་ལ། འཕྲུལ་གཤེན་པས་ནི། སེམས་གཟུགས་སུ་གྲུབ་ཅིང་ཡོད་པ་དེ། གཉེན་པོའི་སྟོབས་ཞིག་གིས་ཁྲིད་ནས་འོངས་ནས་གཅོད་སྦྱོང་བྱས་པས་སེམས་དེ་གཉེན་པོས་ཐུབ་ཅིང་ཆོད་པར་ལྟ་ལ། སྲིད་གཤེན་པས་སེམས་ལ་དུམ་བུ་གསུམ་བྱས་ཏེ། བླ་ཡིད་སེམས་དང་གསུམ་དུ་ཡོད་པར་བལྟ་ལ། དེ་རྣམས་ཀྱིས་ནི། གཤེན་རབ་ཀྱི་ལྟ་སྤྱོད་ཐེག་པ་མཐོང་བ་ཅི་ཡང་མ་ཚང་སྟེ། སེམས་ཅན་ཐ་མལ་པའི་སྤྱོད་པ་ལ་ཤས་ཆེ། ཤིན་ཏུ་གཞིགས་ན་མུ་སྟེགས་རང་ཡང་ཚང་པ་ཙམ་མོ། །འབྲས་བུའི་བོན་བཞི་ནི། དགེ་བསྙེན་པས་སེམས་ལ་ཐོག་མ་དང་ཐ་མ་གཉིས་སུ་རྟོགས་ནས་རྒྱུ་སྔོན་ལ་བཏང་པས་འབྲས་བུ་ཕྱིས་ཐོབ་པར་ལྟ་ལ། དེས་ནི་གཤེན་རབ་ཀྱི་ལྟ་བ་ལ་ཡིད་བསྙེན་པའོ། །དྲང་སྲོང་པས་ནི་ལུས་སྦྱངས་པས་སེམས་ཀྱང་འབྱོངས་པར་འདོད་ཅིང༌། བཙལ་དུ་ཡོད་པར་རྟོགས་ཏེ། དེས་ཀྱང་གཤེན་རབ་ཀྱི་ལྟ་བའི་རྗེས་སུ་འབྲེངས་པ་ཙམ་ལས་མ་ནུས་སོ། །ཨ་དཀར་པས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལས། དེ་ལས་ལྷག་པའི་སེམས་བསྐྱེད་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ནི་རྟེན་གཞལ་ཡས་ཁང་དུ་རྟོགས་ལ། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་ལྟ་ལ། དེས་ཀྱང་གཤེན་རབ་ཀྱི་ལྟ་བ་སྒོ་མཐོང་ཙམ་ལས་བྱེད་མ་ནུས། ཡེ་གཤེན་པས་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་འགྱུར་བ་མེད་པ་ལས། གསལ་བའི་ཡེ་ཤེས་ཉིད་ལ་ཉིད་གསལ་ཞིང་ཤར་བར་ལྟ་བས། དེས་ཀྱང་གཤེན་རབ་ཀྱི་ལྟ་དགོངས་ཀྱི་རྗེས་སུ་ཞུགས་པ་ཙམ་ལས་མ་ནུས་སོ། །འོན་ཀྱང་འབྲས་བུའི་བོན་བཞིའི་ཐེག་པ་ནི། གཤེན་རབ་ཀྱི་ལས་སྤྱོད་ལ་ཤས་ཆེ་བའོ། །གོང་མ་གོང་མས་འོག་མ་འོག་མ་ལ་བཟླ་བ་ནི། སྒང་འགྲེལ་དུ་རྒྱས་པར་བསྟན་པའོ། །ད་འདི་ནས་མར་ཁྱད་པར་བླ་ན་མེད་པ་གཤེན་རབ་ཀྱི་ཐེག་པ་ནི། ཁྱད་པར་བས་ནི་རིག་པ་བྱང་ཆུབ་ཀྱི་སེམས་ལ། ཐོག་མ་དང་ཐ་མ་མེད་པར་འདོད་དེ། སེམས་རང་གི་ཡེ་ཤེས་ལ། ཐོག་མ་འདིའི་དུས་ན་བྱུང་བ་དང༌། ཐ་མའི་དུས་སུ་འདི་ན་ཐིམ་བྱ་བ་མེད་དེ། དུས་འདི་ལ་འདུས་ནས་ལས་འདིས་བྲལ་བྱ་བ་མེད། ཡེ་ནས་རང་འབྱུང་ཀུན་ལ་མཉམ་པར་བསྟན་པ་སྟེ། སེམས་རང་འབྱུང་གཉུགས་མའི་ཡེ་ཤེས་ལ། གཟུང་བར་བྱ་བའི་ཡུལ་དུ་མ་གྲུབ་པས། འཛིན་པར་བྱེད་པའི་རིག་པ་མེད་དེ། གཟུང་འཛིན་གཉིས་སུ་མེད་པའི་དོན་ལ་ཡང་མི་དམིགས་ཏེ། དེ་ཡང་དམིགས་སུ་མེད་པས་བཅོས་སུ་ཡང་མེད། རང་འབྱུང་ཀུན་ལ་ཡེ་ནས་མཉམ་པར་གནས་ཏེ། སེམས་ཉིད་སྟོང་ཞིང་བདག་མེད་པས། དངོས་པོ་དང་མཚན་མར་མི་གནས། དབྱིབས་དང་ཁ་དོག་ཏུ་མ་གྲུབ། རྟོག་དཔྱོད་ཀྱི་བློ་ཡུལ་ལས་འདས་ཏེ། དེས་ན་ཀུན་ལ་མཉམ་པ་ཆེན་པོར་གནས་པའོ། །དེ་ཡང་སེམས་ཉིད་ཡེ་ནས་རྣམ་པར་དག་པ་དེ་གང་དུ་ཡང་མ་བཅོས་སོ་མར་བཞག་པས། སྒྲོས་འདོགས་པ་དང་སྐུར་པ་འདེབས་པའི་ཐ་སྙད་དང་ཡེ་ནས་བྲལ་ཏེ། མཐའ་བྲལ་ཆེན་པོར་ཀུན་ལ་སྙོམས་པར་གནས་པ་སྟེ། སེམས་ཉིད་རང་འབྱུང་འདུས་མ་བྱས་ཀྱི་ཡེ་ཤེས་ཡེ་ནས་ཀ་དག་ཆེན་པོར་གནས་པ་ལ། འཁོར་བ་མྱ་ངན་ལས་འདས་པ་གཉིས་སུ་འཛིན་པ་མི་གནས་པས། རང་ས་ཟིན་ཏེ་ཡེ་ནས་མངོན་སངས་རྒྱས་ཆེན་པོར་ཀུན་ལ་གསལ་བར་སྟོན་པའོ། །ཐེག་པ་དེས་གྲུབ་པའི་འབྲས་བུ་ནི། འབྲས་བུ་བཞི་སྟེ། དེ་ཡང་ཐེག་པ་ཆེན་པོ་ལྟ་དགོངས་ཐུན་མོང་མ་ཡིན་པ་འདི་ལ། འབྲས་བུ་སྨིན་ཞིང་ཡོད། ཐེག་པ་དམན་ལ་ལྟ་བ་ལོག་པ་ལ་ནི་འབྲས་བུ་བྱ་བའི་ཐ་སྙད་ལས་འདས་སོ། །དེའི་ཕྱིར་ན་འབྲས་བུ་ནི། མཐའ་བྲལ་གཞིའི་འབྲས་བུ་དང༌། རྫོགས་པ་སྐུའི་འབྲས་བུ་དང༌། བྱང་ཆུབ་སེམས་ཀྱི་ལུང་འདི་མ་རྟོགས་ན་གཞན་གྱིས་འབྲས་བུ་མི་ཐོབ་པར་བསྟན་པ་དང༌། བོན་ཉིད་མ་བུ་མཇལ་བའི་འབྲས་བུའོ། །དེ་ཡང་བོན་ཉིད་ཀྱི་དབྱིངས་སྤྲོས་པའི་མཚན་མ་དང་བྲལ་བ། འདུས་མ་བྱས་ཀྱི་ཡེ་ཤེས་མཐའ་བྲལ་ཆེན་པོ་ལ། སྒྲོས་འདོགས་པའི་བློ་དང་སྐུར་པ་འདེབས་པའི་ཡིད་ཡེ་ནས་མེད་པའོ། །ཡང་ན་དངོས་པོ་དོན་གྱི་གནས་ལུགས་གཉུག་མའི་གཞི་དེ། རྒྱུ་དང་རྐྱེན་ལས་མ་སྐྱེས་པར་རང་འབྱུང་གི་ཡེ་ཤེས་ཕྱོགས་དང་རིས་སུ་མ་ཆད་པ་ནི། བོན་གྱི་སྐུ་འགྱུར་བ་མེད་པ་ཐོབ་པའོ། །ཡང་ན་བོན་གྱི་སྐུ་ཡེ་སངས་རྒྱས་དེ་ལ། དངོས་པོ་དང་མཚན་མར་སྣང་བའི་ལུས་མེད་དེ། རང་འབྱུང་རིག་པའི་ཡེ་ཤེས་ཀྱིས། རྣམ་པ་ཐམས་ཅད་ཇིར་ཡང་ས་ལེར་མཁྱེན་པའོ། །མཁྱེན་པའི་ཡེ་ཤེས་ལ་ཐུགས་ཀྱི་འོད་ཟེར་དུ། ལོངས་སྤྱོད་རྫོགས་པའི་སྐུ་ལྟ་བུར་བྱུང་པའོ། །ཡང་ན་ཐུགས་རྗེ་བྱས་པ་མེད་པར་འགྲོ་བའི་དོན་རྣམས་འགྲུབ་ལ། ངང་ངམ་ཤུགས་ལ་དངོས་པོ་དང་མཚན་མར་མི་སྤྱོད་དེ། ཐུགས་རྗེ་ལ་ཟད་པ་འམ་བྲི་བ་མེད་པས་མཐའ་མི་རྙེད་པའོ། །ཡང་ན་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་རྣམས་ཀྱིས། ཐེག་པ་བརྒྱད་པོ་གང་གི་སྒོར་ཞུགས་ཏེ་སྤྱད་ཀྱང༌། ལྷུན་གྲུབ་ཡང་རྩེ་མ་རྟོགས་ན། སངས་རྒྱས་ཀྱི་འབྲས་བུ་མི་འགྲུབ་པའོ། །ཡང་ན་གཞི་ལྷུན་གྱིས་གྲུབ་པ་རང་འབྱུང་གི་ཡེ་ཤེས་ཐེག་པའི་ཡང་རྩེ་འདི་མ་རྟོགས་ན། སངས་རྒྱས་ཞེས་པས་གཞན་ནས་བཙལ་བས་མི་རྙེད་དེ། རྟོག་པའི་རྗེས་བཅད་པས་ནམ་མཁའི་མཐའ་ཚོལ་བ་ལྟ་བུ་སྟེ་ངལ་བ་ཚི་ཆད་པའི་ལས་སོ། །ཡང་ན་རང་འབྱུང་གི་ཡེ་ཤེས་ཆེན་པོ་དེ་རང་ས་ཟིན་ཙམ་ན། ཡེ་སངས་རྒྱས་པ་སྟེ་བོན་ཉིད་ཀྱི་དབྱིངས་སུ་སེམས་ཉིད་ཐིམ་ནས་རིག་པ་རྒྱལ་ས་ཟིན་པའོ། །དེ་ཡང་གོང་གི་འབྲས་བུ་དེ་རྣམས་ལ་མིང་བཏགས་ནས། ལྷུན་གྲུབ་ཡང་རྩེ་འབྲས་བུའི་མཆོག་ཅེས་བྱའོ།། །།
ཡང་ན་ཁྱད་པར་བླ་མེད་ནི། ལྟ་བ་མཐའ་བྲལ་བདེན་པ་དབྱེར་མེད། མཐའ་བྲལ་བོན་སྐུ་ཡེ་སངས་རྒྱས་ཆེན་པོར་འདོད་དེ། དེ་ཡང་དོན་དམ་ཀུན་རྫོབ་དབྱེ་རུ་མེད། རྟག་པ་དང་ཆད་པའི་མཐའ་དང་བྲལ། ཡེ་ནས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་ཡེ་སངས་རྒྱས་པའོ། །ལྟ་བ་དེ་རྣམས་ཀྱང༌། ཐམས་ཅད་ནས་ཐམས་ཅད་དུ་ཡེ་ནས་བྱ་བཙལ་དང་བྲལ་བའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་སངས་རྒྱས་པར་རྟོགས་པས། གཤེན་རབ་ཀྱི་ལྟ་བ་དང་དགོངས་པ་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་མིང་བཏགས་ན། མཐའ་བྲལ་དབྱེར་མེད་བོན་གྱི་སྐུའི་ལྟ་བ་ཞེས་བྱ་སྟེ། ཁྱད་པར་བླ་ན་མེད་པའི་ལྟ་ཕུགས་ཡང་དག་པའོ། །དེ་ཡང་ཐེག་པ་ཞེས་པས་རང་ལ་གཉིས་ཏེ། བགྲོད་པའི་ཕྱིར་ཡང་ཐེག་པ་སྟེ། དཔེ་ཤེལ་གྱི་སྐྲས་གདང་དང་འདྲ་སྟེ། འོག་མ་འོག་མ་ནས་གོང་མ་གོང་མ་ནས་ཡར་བགྲོད་པའོ། །འདེགས་པའི་ཕྱིར་ཡང་ཐེག་པ་ནི། ཀ་བ་དང་འདྲ་སྟེ། འོག་མའི་ཀ་བས་གོང་མའི་ཀ་བ་འདེགས། བར་གྱི་ཀ་བས་སྟེང་གི་ཀ་བ་བཏེག་སྟེ་སུམ་ཐོག་དང་བཞི་ཐོག་ཏུ་འདེགས་པ་ལྟ་བུའོ། །གཉིས་ཀའི་མཐུན་དཔེ་ནི། གྲུ་དང་གཟིངས་ལྟ་བུ་སྟེ། གྲུ་གཟིངས་ལ་བརྟེན་ནས། རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱེད་པ་འམ། ཡང་ན་དཔེ་གསེར་འགྱུར་གྱི་རྩི་དང་འདྲ་སྟེ། གསེར་འགྱུར་གྱི་རྩིས་ས་རྡོ་ལ་བྱུགས་པའི་དུས་སུ། ས་རྡོ་ཙམ་གསེར་དུ་འགྱུར་ཏེ། ཕན་པ་དོན་གྲུབ་པའོ།། །།
དེ་ཡང་ཐེག་པའི་མཐོན་དམན་དང༌། གོང་འོག་ཁྱད་པར་ནི་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་སྟེ། སེམས་ཅན་མ་རྟོགས་པ་བློ་ཡི་སྒྲིབ་པ་སྟུག་པོས་ནོན་ལ། ཐ་མལ་གྱི་སོ་སོ་སྐྱེ་བོ་དང་ཚུལ་མཐུན་པ། བློ་དམན་པ་དད་པ་ཆུང་ཞིང་ཤེས་རབ་དང་མི་ལྡན་པའི་གང་ཟག་དེ་དང་གཤེན་རབ་ནི། ཐེག་པ་དམའ་བའི་ཡང་དམའ་བ་ན་ཡོད་ལ་དེ་བས་ཅུང་ཟད་བློ་ཆུང་ཡང་ཁོང་དགེ་ཆེ་བ། དད་པ་ཆེ་ལ་བསམ་པ་དཀར་བ། བོན་ལ་མོས་ཤིང་ཡིད་གཞུངས་པ། བསམ་པ་དཀར་ལ་ཞི་དེས་ཆེ་བ་རྣམས་ནི། ཐེག་པ་དམན་པ་མ་ཡིན་ཏེ། དེ་བས་ཡར་ལ་དཔགས་པར་ཡོད། གང་ཟག་གཤེན་པོ་བློ་རྩལ་ཆེ་ཞིང་སྙིང་སྟོབས་དང་ལྡན་པ། བློ་གང་གིས་ཀྱང་བསྒྱུར་དུ་མི་བཏུབ་པ། དཔེར་ན་གྱད་ཀྱི་གཞུ་བརྡུངས་པ་ལྟ་བུ། རྟོགས་པའི་ཤེས་རབ་ཕུལ་དུ་ཕྱིན་པ། སྐྱེ་བ་གོང་མ་ནས་ཐེག་པ་ཆེན་པོ་ཁྱད་པར་བླ་ན་མེད་པ་ལ་སྤྱོད་པའི་སྐལ་བ་ཡོད་པ་དེ་ནི། རྟོགས་པའི་སྟོབས་ཀྱིས་ལྷུན་གྲུབ་ཡང་རྩེ་ལ་སྤྱོད་པ་སྟེ། རྟོགས་དང་མ་རྟོགས་ཀྱི་ཁྱད་ཀྱིས་ཐེག་པའི་རིམ་པ་ཡང་དེ་བཞིན་དུ་བསྟན་པའོ། །དེ་ལས་སོགས་ཏེ་སངས་རྒྱས་དང་སེམས་ཅན་ཀྱང་རྟོགས་དང་མ་རྟོགས་ཀྱི་ཁྱད་ཡིན་ཏེ། སེམས་ཅན་མ་རྟོགས་པ་མ་རིག་པའི་མུན་པས་གཏིབས་པ། ཞེ་གདུག་ལ་ཁོང་གནག་པ་དེ་ནི་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་གི་ལུས་བླངས་ནས། འབྲས་བུ་ངན་སོང་གསུམ་དུ་ལྟུང་བ་སྟེ་མ་རྟོགས་པའི་དབང་གིས་སོ། །རྟོགས་ན་ནི་ནམ་ཀྱང་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས། ཐོས་བསམས་བསྒོམ་གསུམ་བྱས་པས་འབྲས་བུ་སངས་རྒྱས་ཏེ། དེ་ཀ་ལ་རྟོགས་ན་གཤེན་རབ་ལ་མ་རྟོགས་ན་སེམས་ཅན། ངན་སོང་ལྟུང་བའི་རྒྱུ་ཞེས་བྱའོ། །དེ་ཡན་ཆད་དུ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་མདོ་ཐེག་པ་རིམ་པ་དགུས་བསྡུས་ཏེ། ཐེག་པ་རང་ཐད་ཀྱི་ལྟ་བ་བསྟན་པ་ཞེས་བྱ་བའི་དོན་བསྟན་པའོ།། །།
- ཟིན་ཐོ་གོང་མ།རྗེ་བཙུན་སྒྲོལ་མ།
- ཟིན་ཐོ་འོག་མ།ཁྱོད་དང་ང་། ཆེས་མཐའ་མཇུག་གི་་་་།