གཡར་པོའི་སྤྱིལ་ཆུང་ནང་གི་གྲོགས་པོ།
ཀ་བ་གདུང་མ་མེད་པའི་གཡར་པོའི་སྤྱིལ་ཆུང་ནང་གི།།
ཁ་དོག་དམར་སེར་ཅན་གྱི་ན་བཟས་མཛེས་པའི་མཆེད་གྲོགས།།
ག་ལེར་ཁྱུད་འཁོར་སྙན་དབང་ཕྱོགས་འདིར་འཁྱུག་ཙམ་གཏོད་དང་།།
ང་ཡིས་བཅོས་མིན་སྙིང་ནས་ཚིག་གསུམ་ཞུ་སྙིང་བྲོ་བྱུང་།།
ཅ་ཀའི་ནོར་རྫས་མོད་པོ་དལ་ཁོམས་མེད་པའི་རྒྱུ་རེད།།
ཆ་ལུགས་རྒྱ་མ་བོད་གཟུགས་སྣང་བ་འཁྲུལ་བའི་གྲོགས་རེད།།
ཇ་བཀོལ་མེད་འབུད་ཙམ་ལས་བྱ་རྒྱུ་མེད་པའི་གྲྭ་རྐྱང་།།
ཉ་ཉོག་བྱ་བ་སྤང་ནས་སྐབས་བབས་སྦྱོང་བྱར་བརྩོན་རོོོོགས།།
ཏ་གུ་འབྱུང་བའི་ནོར་བུ་ད་ལྟ་རང་ལག་ཡོད་དུས།།
ཐ་སྙད་ཚིག་ཙམ་མིན་པར་དོོན་གྱི་གདར་ཤ་བཅད་ན།།
ད་གཟོད་གཏན་བདེའི་ལམ་སྣེ་ཟིན་པའི་བསྐལ་བཟང་ཡོད་ཅེས།།
ན་བགྲེས་ཕ་གཅིག་བླ་མས་ཞལ་གདམས་གནང་བ་གོའམ།།
པཎྚི་ཏ་ཡི་མཚན་སྙན་སྦྱངས་པའི་སྟོབས་ཀྱིས་ཐོབ་ཅེས།།
ཕ་མྱེས་བསླབ་བྱ་སྙན་མོ་ཡ་ཆུང་དཀྱིལ་ལ་ཡོད་འགྲོ།།
བ་གླང་དུད་འགྲོའི་རྟུལ་ཞུགས་སྨྲ་ཤེས་མི་ཡི་མཐའ་མ།།
མ་ཤི་རོ་གྲལ་བཀོད་པའི་ངོ་ཚོའི་གདུང་བ་བཟོད་དམ།།
ཙ་རིའི་གནས་དང་མཚུངས་པའི་འཕགས་ཡུལ་ཚ་བ་ཆེ་ཡང་།།
ཚ་དམྱལ་གནས་དང་བསྡུར་ན་བདེ་ལྡན་ལྡན་ལྷ་ཡི་ཞིང་རེད།།
ཛ་ཧུའི་རྒྱུན་དང་འགྲན་པའི་རིག་པའི་གནས་ལ་སྦྱོང་ན།།
ཝ་ལེར་མཁས་པའི་ཁྲི་ལ་འཛེགས་པའི་གོ་སྐབས་ལོས་ཡོད།།
ཞྭ་དཀར་བསྟན་ལ་འཇུག་པའི་ཨེ་མ་བསྐལ་པ་བཟང་པོ།།
ཟ་ཟའི་སྣང་བར་གཡེང་ནས་དོན་མེད་ཆུད་ཟོས་མ་གཏོང་།།
འ་ཅག་ཚེ་རབས་དུ་མར་སླར་ཡང་ཐོབ་པར་དཀའ་ཞེས།།
ཡ་ཀི་སྲས་བཅས་རྒྱལ་བས་ཞལ་གདམས་ཡང་ཡང་གནང་བཞག།།
ར་ལྟར་རང་སྣང་མཐོ་ཡང་ལེགས་པའི་ཡོན་ཏན་མེད་ན།།
ལ་ལུང་གང་ལ་སོང་ཡང་བཀུར་བའི་ཞིང་དུ་སུས་བརྩི།།
ཤ་ཕྲག་གདོས་ལུས་འདི་ལ་ཕྱི་མའི་དོན་ཆེན་བསྒྲུབ་ན།།
ས་གསུམ་ལྷ་མི་ཀུན་གྱིས་ཡིད་རངས་མེ་ཏོག་ལོས་འཐོར།།
ཧ་ལམ་བཟང་སྤྱོད་དབུལ་བའི་ཁོ་བོས་གཏམ་འདི་སྨྲ་ལ།།
ཨ་རོགས་གྲོགས་པོ་འགའ་ཡིས་ཁྲེལ་དགོད་བྱེད་པ་སྲིད་ཀྱང་།།
རིང་འདྲིས་སེམས་ཀྱི་གྲོགས་ལ་ཀུ་རེ་ཞིག་གི་ཚུལ་དུ།།
སོར་མོའི་འདུ་འགོད་རྩོམ་ལ་ཞེ་སྣང་གང་ཡང་མ་བྱུང་།།
ཞེས་པ་འདི་ནི་ཕྱི་ལོ་༢༠༠༨་ཟླ་་༣་ཚེས་༥་ཉིན་འཕགས་ཡུལ་བོན་གཞིས་ཐོབ་རྒྱལ་གསར་བའི་ལྷོ་ངོས་སུ་ཕྲན་རང་དཔེ་འཚམས་སྐབས་སུ་གྲོགས་རིན་ཆེན་རྒྱལ་མཚན་དང་། སྨོན་ལམ་རྣམ་དག ཚེ་དབང་རིག་འཛིན། འཆི་མེད་རྣམ་རྒྱལ་བཅས་ལ་ཀུ་རེའི་ཚུལ་དུ་ཕུལ།
- ཟིན་ཐོ་གོང་མ།བྱིས་པ་ཙམ་མ་ཚད་ང་ཚོ་ལ་ཡང་ཕན་ངེས།
- ཟིན་ཐོ་འོག་མ།ལོ་ས་ཡ་གཉིས་ཕྱིན་པའི་མི་རུས།