ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།
བསྐལ་བཟང་ཉི༵་མ༵་ཤར་བ་བླ་མའི་དྲིན།
ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ།
གདུལ་དཀའ་སྙིགས་མའི་འགྲོ་བ་འདུལ་བའི་སླད།
བྱ་ཁྱུང་ཀ་ར་ན་རུ་སྤྲུལ་ནས་སུ།
ལྷོ་གླིང་འཛིན་མའི་ས་ཆེན་འདི་རུ་བབས།
དེ་དུས་ཁྱུང་གི་སྟོན་པ་རྣམ་གསུམ་ཞེས།
ཞང་ཞུང་བྱར་ཐོགས་རྒྱལ་པོ་བཅོ་བརྒྱད་ཀྱིས།
སྤྱན་དྲངས་མཆོད་པའི་ཞིང་དུ་བཀུར་བའི་ཚེ།
བོན་སྲིད་ཉི་ཟླའི་སྣང་བས་ས་ཆེན་འགེངས།
དེ་རྗེས་ལྷ་སྲས་སྤུ་ལྡེ་གུང་རྒྱལ་གྱིས།
ཞང་ཞུང་གཤེན་བསྟན་དར་བའི་ཞིང་ཁམས་ནས།
སྟོན་པ་ཆེན་པོ་ཁྱུང་ནག་མུ་ཁྱུང་རྒྱལ།
བོད་ཡུལ་གངས་རིའི་ཞིང་དུ་ཆིབས་ཁ་བསུས།
དེ་ཡི་རྒྱུད་འཛིན་གསེར་རིའི་ཕྲེང་བ་ཡིས།
བོད་རྒྱལ་བཙན་པོ་རིམ་གྱི་བླ་མཆོད་མཛད།
ལུགས་གཉིས་མཛད་པས་བོད་འབངས་བདེ་ལ་བཀོད།
དམ་པ་ཁྱུང་ཞེས་མཚན་སྙན་སྲིད་རྩེར་ཁྱབ།
དེ་ཉིད་གདུང་འཛིན་རྨ་མེད་ལྷ་ཡི་སྲས།
ལྷ་གཉེན་མགོན་ཞེས་ཆེན་པོ་ཧོར་ཡུལ་ནས།
སྤུ་བླ་བྱང་རྩེ་སྒང་གི་ཡུལ་གྲུ་རུ།
བྱོན་ཚེ་ཀུན་གྱིས་ཡུལ་དེའི་བསྟན་བདག་བཀུར།
ཐོག་སེར་མཚོན་གྱི་འཇིགས་པ་མི་མངའ་བའི།
རྒྱལ་བའི་སྲས་པོ་ཁྱུང་རྒོད་ཐོག་རྡུག་དང་།
སྤྲུལ་པའི་སྐུ་མཆོག་ས་ལེ་རང་གྲག་སོགས།
མཁས་དང་གྲུབ་པའི་སྐྱེས་མཆོག་ཚར་དུ་དངར།
དེ་འདྲའི་ཐུན་མིན་ཡོན་ཏན་སྟོང་ལྡན་པའི།
ཁྱུང་ནག་སྤུ་བླའི་གདན་རབས་རིམ་བྱོན་གྱི།
རེ་རེའི་མཛད་པའི་རྣམ་ཐར་ནམ་མཁའི་མཐའ།
བློ་དམན་སྒམ་ཁྱེར་གཤོག་པའི་རྩལ་གྱིས་མིན།
འདི་ན་དེང་འདིར་མཚན་ལྡན་བླ་མ་རྗེའི།
སྐུ་ཚེའི་མཛད་འཕྲིན་ནམ་མཁའི་མཐའ་ལ་འགྲན།
ཆབ་འབངས་ཡུལ་ལུང་ཞི་བདེའི་དཔལ་ལ་རོལ།
གཙུག་ལག་ཁང་ཆེན་བཞེངས་གྲུབ་སྐལ་པ་བཟང་།
འདི་འདྲའི་རྟེན་འབྲེལ་སུམ་བརྩེགས་གཅིག་ཅར་དུ།
བདག་ཅག་བསོད་ནམས་དཔལ་དུ་ཤར་བའི་ཡིས།
བཀྲ་ཤིས་ཁ་གཡང་བརྗོད་ལ་དང་རེ་སྤྲོ།
བདེ་ལེགས་བྲོ་གར་བརྡུང་ལ་ཡིད་རེ་དགའ།
ལྷག་ཏུ་གནས་མཆོག་སྤུ༵་རྒྱལ་གངས་བཟང་འདབས།
རྗེ་བཙུན་བླ༵་མའི་མཛད་འཕྲིན་སྔར་བས་རྒྱས།
མ༵དོ་སྔག༵ས་བཤ༵ད་སྒྲུ༵བ་བསྟན་པ་སྔར་བས་དར།
བསྐལ་བཟང་ཉི༵་མ༵་ཤར་བ་བླ་མའི་དྲིན།
འདི་འདྲ་བསམ་ཚེ་ལུས་ཀྱི་བ་སྤུ་ལྡང་།
ངག་ནས་སྙན་པའི་གླུ་ཆུང་ལྷོད་ཀྱི་ཤོར།
ཡིད་ནས་དགའ་བའི་རྦ་རླབས་མཁའ་ལ་འཕྱུར།
ད་ནས་འདི་བཞིན་བསྐལ་པར་འཚོ་གྱུར་ཅིག
- ཟིན་ཐོ་གོང་མ།མིག་དམར་ཆོས་སྒྲོན།
- ཟིན་ཐོ་འོག་མ།ལུས་པོ་མཉམ་དུ་སྦྲེལ་བའི་མཚེ་མ་ལོ་ཆེ་ཤོས།