ཁྱོད་དང་ང་། ཆེས་མཐའ་མཇུག་གི་་་་།
བྱམས་བརྩེ་དང་དྲང་བདེན་ལ་དགའ་དྲགས་པའི་བྱིས་པ་ཞིག་གིས། འཇའ་ཚོན་ལ་རེ་བཅོལ་བྱས་པའི་ནོར་འཁྲུལ་དེ། གསང་བ་ཡིན་ཡང་དབང་མེད་དུ་གླེང་དགོས་བྱུང་། འོན་ཀྱང་འདི་ནི་ཕོ་ལོ་བཅོ་བརྒྱད་གོང་གི་གནས་ཚུལ་ཞིག་རེད།
ཆེས་མི་ཚོགས་ཀྱི་འདུ་འགོད་མང་བའི་འཇིག་རྟེན་ཞིག་ཏུ། ང་ཁྱོད་དང་ཐོག་མར་འཕྲད། ཁྱོད་ང་དང་ཐོག་མར་ཐུག འོ་རེད་ཡ། དེ་དུས་གཞན་ལྟ་ཅི་སྟེ་ཕན་ཚུན་འཚམས་འདྲིའི་ཁ་གཡང་ཙམ་ཡང་བརྗོད་མྱོང་མེད་མོད། འོན་ཀྱང་གཞན་དང་མ་འདྲ་བའི་འཛུམ་དཀར་ཞིག་གིས་བསུ་རེས་བྱས་པ་དེ་ནི། ངེད་གཉིས་བར་གྱི་འབྲེལ་ལམ་ཐོག་མ་དེ་ཡིན་ཞེས་བརྗོད་ཀྱང་ཆོག་སྙམ།
དེ་ནས་རིམ་བཞིན་ལོ་ཟླའི་འཁོར་བསྐྱོད་རིང་མོ་ཞིག་གི་ཁྲོད་དུ། ང་ཁྱོད་ཀྱི་མཉམ་དུ་སོང་ཞིང་། ཁྱོད་ང་དང་མཉམ་དུ་བསྡད་སྟབས། ངེད་གཉིས་འགྲོགས་འདྲིས་ཀྱི་དུས་ཡུན་ཇི་ལྟར་རིང་བ་བཞིན་དུ། ཕན་ཚུན་གྱི་འབྲེལ་བའང་དེ་ལྟར་ཟབ་པར་གྱུར།
འོ་རེད་དེ་དུས། ཁྱོད་ཀྱིས་ང་ལ་ངོ་བསྟོད་ཀྱི་མཐེ་བོང་བསྒྲེངས་ཤིང་། ངས་ཁྱོད་ལ་དྲང་བདེན་གྱི་ཁ་ཏ་བྱས། ཁྱོད་ཀྱིས་ང་ལ་ཕྱི་བཅོས་ཀྱི་འཛུམ་དཀར་བསྟན་ཞིང་། ངས་ཁྱོད་ལ་ཟོལ་མེད་ཀྱི་ལྷག་བསམ་བཅངས།
ཁྱོད་ཀྱིས་ང་མེད་མུག་གི་ལོ་ཟླ་བགྲང་ཞིང་། ངས་ཁྱོད་ལ་འཚོ་བའི་ལྐོག་ངན་བྱིན། ཁྱོད་ཀྱིས་ང་ལ་མི་ཚེའི་མཐོང་ཐོས་གླེང་ཞིང་། ངས་ཁྱོད་ལ་སྙིང་གཏམ་གྱི་གསང་བ་ཤོར།
ཁྱོད་ཀྱིས་ང་ལ་འུ་ཐུག་གི་སྡུག་ཡུས་བརྗོད་ཅིང་། ངས་ཁྱོད་ལ་སེམས་གསོའི་སྨན་མཆོག་སྟེར། དེ་དུས་ངས་ཁྱོད་ཀྱི་འཛུམ་དཀར་དེ་བསླུ་བྲིད་དང་། འབྲེལ་ལམ་དེ་གཡོ་སྒྱུ་རུ་མ་རྟོགས་པ་དེ་ནི། ང་ལ་མཚོན་ན་རང་གི་ནོར་འཁྲུལ་ཞིག་གམ། ཡང་ན་ཁྱོད་ལ་མཚོན་ན་ཁྱེད་རང་གི་འཇོན་ཐང་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཆོག
ཁྱོད་ཀྱིས་མི་མངོན་པའི་འཇིག་རྟེན་ཞིག་ཏུ། སྙིང་གཏམ་གྱི་གསང་བ་བཤད་ཐེངས་རེ་རེས། ངའི་ཕུག་མདུན་གྱི་ལམ་ཁ་བཀག་པ་ལན་གཅིག་མིན་ལ། ཁྱོད་ཀྱིས་བདག་གིས་ལྷག་བསམ་གྱི་གྲུ་ཟུར་ཞིག་ནས། གཡོ་སྒྱུའི་སྤྲེལ་ལད་འཁྲབ་ཐེངས་རེ་རེས། ངའི་དུངས་སེམས་ལ་རྡོག་པ་གཏད་པའང་ཉུང་ཉུང་ཞིག་ག་ལ་ཡིན། ད་དུང་བསླུ་བྲིད་དང་སྦི་རག་གིས་བཟི་བའི་མཚན་གཞུང་དེར། གཞན་ལ་ངོ་བསྟོད་ཀྱི་ཞོར་དུ་ངའི་རྐང་རྗེས་ལ་སྐྱོན་མཚང་གི་སེར་བ་ཕབས་མྱོང་།
ཨ་ཁ་ཁཱ། ལྷིང་འཇགས་བྲལ་བའི་འཇིགས་རྟེན་ཞིག་ནས་ངས་འདི་ལྟར་རྟོགས་ཚེ། ངས་ང་རང་ཁྱོད་ཀྱི་གསང་བ་མ་རྟོགས་པའི་བླུན་པོ་ཞིག་གམ། གནས་ལུགས་ལ་རྟོགས་དཔྱོད་མི་ཤེས་པའི་བྱིས་པ་ཞིག་ཡིན་པར་གཞི་ནས་ཤེས།
ད་ནས་་་་་་་་་། ཁྱོད་ནི་ངའི་སྨྲ་ལྕེའི་རིན་ཐང་འཇལ་བའི་གྲུང་མ་ཞིག ང་ནི་ཁྱོད་ཀྱི་སྟོང་བཤད་ལ་བདེན་པར་འཛིན་པའི་བླུན་པོ་ཞིག ཁྱོད་ནི་ངའི་ལྷག་བསམ་ལ་རྡོག་རོལ་བཏང་བའི་ཁྲེལ་མེད་ཅིག ང་ནི་ཁྱོད་ཀྱི་འཛུམ་དཀར་ཙམ་ལ་བློ་ཕུག་བཅོལ་བའི་ཚད་ལྡན་ཞིག
ཁྱོད་ནི་ངའི་ཟས་ནོར་ལ་རྟག་ཏུ་རྔམ་པའི་ཟ་འདྲེ་ཞིག ང་ནི་ཁྱོད་ཀྱི་འཚོ་བ་ལ་སེམས་ཁུར་ཆེ་བའི་ལག་ཡངས་ཤིག ཁྱོད་ནི་ངའི་སྙིང་ཁོང་གི་གསང་བ་བསྔོགས་པའི་ཉུལ་མ་ཞིག ང་ནི་ཁྱོད་ཀྱི་མནའ་ཚིག་ལ་ཡི་ཆེས་བྱེད་པའི་ཉམ་ཆུང་ཞིག་ཡིན་པའི་ཕྱིར་་་་་་་་་་།
ངས་ཁྱོད་ལ་འཛུམ་མདངས་ཤིག་དང་མཉམ་དུ་ཆེས་མཐའ་མཇུག་གི་གྱེས་ཕྱག་ཕུལ་ཡོད། འདི་ནི་ངས་ཁྱོད་ལ་ཞི་བའི་ངོ་རྒོལ་ཐོག་མ་དེ་ཡིན་ཞེས་བརྗོད་ཀྱང་ཆོག་ལ། ངེད་གཉིས་ལྷན་འཛོམས་ཀྱི་གོ་སྐབས་མཐའ་མ་དེ་ཡིན་ཞེས་བརྗོད་ཀྱང་འགྲིག་སྙམ།
འོན་ཀྱང་སྐབས་འདི་ཡི་ཐོག་མཐའ་བར་གསུམ་དུ་ངས་སྐྱོ་བའི་མིག་ཆུ་བཞུར་མ་མྱོང་ལ། དེ་བཞིན་འགྱོད་པའི་པའི་དབུགས་རིང་ཡང་འཐེན་འདོད་མེད། ཅི་ཡི་ཕྱིར་ན་་་་་་་་།
འདུ་འབྲལ་ནི་འཇིག་རྟེན་གྱི་རང་གཤིས་དང་། དགའ་སྡུག་ནི་འཇིག་རྟེན་གྱི་ལས་དབང་། ནོར་འཁྲུལ་ནི་སེམས་ཅན་གྱི་རང་གཤིས། བརྩེ་དུངས་ནི་བྱིས་པའི་རོལ་རྩེད་ལས་མ་འདས་པས་སོ།
དེ་ཙམ་གྱིས་མ་ཚད་་་་་། རྣམ་པ་ཀུན་ཏུ་ནི་་་་་ང་ཁྱོད་ཀྱི་མངའ་ཐང་དང་འབྱོར་བ། ཡང་ན་ལང་ཚོའི་ཁ་འབྲས་སོགས་གང་ལ་ཡང་སེམས་ཆགས་དང་ཡིད་ལུས་མེད་པས་སོ།
འོ་ན་ཅི་སྟེ་ན་་་་་། གཅིག་ང་རྟག་ཏུ་དྲང་བདེན་དང་ལྷག་བསམ་ཅན། ཞི་དུལ་དང་བག་ཕེབས་ཀྱི་མི་རིགས་ལ་དགའ་དྲགས་ཤིང་། གཉིས་ཕ་ལོ་དང་མ་ལོས་གནང་བའི་བསླབ་བྱ་སྟེ། འབྲེལ་འདྲིས་ཀྱི་དམ་ཚིག་ལ་བློ་གཏད་ཆེ་ཞིང་། གསུམ་མ་འོངས་པར་བཅོས་བསྒྱུར་གྱི་རེ་སྒུག་ངང་དུ་ཕྱི་བཤོལ་དུ་ལུས་པ་ཙམ་ཡིན་པས་སོ།
ངའི་མཐའ་མཇུག་གི་སྡོམ་ཚིག་ནི། སླད་ཕྱིན་ང་ཁྱོད་ཀྱི་བསླུ་བྲིད་ལས་ཐར་ཞིང་། ཁྱོད་ངའི་རྨི་ལམ་ལས་ཐར་ཏེ། ངེད་གཉིས་ཐར་པ་བདེ་ཆེན་གྱི་ས་ལ་ཕན་ཚུན་གནོད་མེད་དུ་གནས་པའི་རེ་སྨོན་དང་བཅས་ཏེ་ཕུལ།
རྩེད་མཚར་གྱི་ཚུལ་དུ་རང་ཤག་ཏུ་བྲིས།
- ཟིན་ཐོ་གོང་མ།ཐེག་པ་རིམ་དགུའི་ལྟ་བ་བསྟན་པ།
- ཟིན་ཐོ་འོག་མ།མིག་དམར་ཆོས་སྒྲོན།