རྗེ་བཙུན་སྒྲོལ་མ།
དུས་ཀུན་གདུལ་བྱའི་དོན་དུ་ཤར་ནུབ་ཉུལ་མ།།
དུས་ཚོད་གསེར་ལས་དཀོན་ཡང་དོན་ཆེན་བསྒྲུབས་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་དང་བསྟུན་པའི་སྟོན་པའི་ཡང་རྩེར་སྙེགས་མ།།
ཞལ་ནས་བརྩེ་དུང་གཏམ་གྱི་འཛབ་བསྙེན་བསྒྲངས་མ།།
ཐུགས་ལ་གཡོ་སྒྱུའི་ལྷ་ཞལ་ཝ་ལེར་བསྒོམས་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་དང་སྐབས་ལ་ཐུག་ན་ཅི་ཡང་མཛད་མ།།
འཛོམས་ཚེ་མཛུམ་ཕྲེང་ངོམས་ནས་གཞན་སེམས་བསླུ་མ།།
བྲལ་ན་སྐྱོན་མཚང་བགྲང་ནས་མི་སེམས་དཀྲུགས་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་མིན་འགལ་རྐྱེན་མང་པོའི་ལམ་སྣ་འདྲེན་མ།།
དངོས་འབྱོར་རྒྱུ་ཡིས་མཆོད་ན་ཐུགས་མཆོག་དགྱེས་མ།།
མ་འབྱོར་ཡིད་ཀྱིས་སྤྲུལ་ན་བཀའ་ཆད་འབེབས་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་མཐའི་ཆགས་ལྡན་སྟོང་གི་མཆོད་གནས་གྱུར་མ།།
སྣང་ངོར་ལྷ་བཞིན་བཅོས་པའི་གཟུགས་བྱད་ལེགས་མ།།
སྣང་སེམས་བདུད་ཀྱིས་བསླུས་པའི་རྫོབ་རྟགས་བསྟན་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ཐུང་བར་ཆད་ཟློག་པའི་ཐབས་ལ་མཁས་མ།།
སྔ་དྲོ་བཙུན་མའི་ན་བཟའ་མཛེས་པར་ཀླུབས་མ།།
ཕྱི་དྲོ་གོས་ཆེན་སྨུག་པོའི་ཕྱུ་བ་གྱོན་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ངན་སྐྱེ་བོར་མགོན་སྐྱོབས་གློག་བཞིན་མྱུར་མ།།
ཕ་མ་རྒན་ཁོག་མཐོང་དུས་ཁྲོ་ཉམས་སྟོན་མ།།
བསགས་པའི་ཟས་ནོར་རིག་ན་ལག་པ་མྱུར་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ངན་གསར་བུའི་བཟའ་ཟླར་བསམ་བཞིན་བྱོན་མ།།
འབྲོག་གི་རྟ་ནོར་ལུག་གསུམ་གྱེས་ཕྱག་གནང་མ།།
ཞིང་པའི་རྨོ་འདེབས་གཅོད་བྲེག་རྩད་ནས་སྤངས་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ཚོད་ངེས་མེད་གཟིམས་ལ་ཐུགས་མཆོག་དགྱེས་མ།།
ཞལ་ངོ་ཚོན་རྩི་བྱུག་ལ་བརྩོན་འགྲུས་ལྡན་མ།།
སྲང་དང་གྲོང་ཁྱེར་ཉུལ་ལ་སྤྱང་གྲུང་འཛོམས་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ནས་དུས་སུ་མི་ཚོགས་འཁོར་དུ་བསྡུ་མ།།
ཤ་རིགས་སྣ་ཁ་བཅོ་བརྒྱད་ལོངས་སུ་སྤྱོད་མ།།
ཞོ་ཕྱུར་མར་ཐུད་མཐོང་ཚེ་སྣ་གཉེར་གནང་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ཀྱི་ཁ་ཟས་མ་གཏོགས་ཡི་ག་མེད་མ།།
ར་མ་ལུག་སྐད་བསྐྱོན་ལ་སྨྲ་ལྕེ་བདེ་མ།།
རྒྱ་མ་བོད་གཟུགས་སྲོལ་ལ་སྤྲོ་བ་འཕེལ་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
ཛ་ཧཱུྃ་བམ་ཧཱུྃ་ཆོ་གའི་འཕྲིན་ལས་མཁས་མ།།
ཆོས་དང་རིག་གཞུང་ལབ་ན་སུན་སྣང་མཛད་མ།།
ཤོ་བག་གློག་བརྙན་གཟིགས་ལ་ཨུ་ཚུགས་ལྡན་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ཀྱི་ཧྥེ་ཤོན་ཟེར་ནས་གང་དྲན་གནང་མ།།
རང་གཤིས་གསོན་པོར་བརྗོད་ན་སྤྱན་ལོག་གཟིགས་མ།།
ངོ་བསྟོད་མཐེ་བོང་བསྒྲེང་ན་འཛུམ་གྱིས་བསུ་མ།།
དུས་རབས་ཉེར་གཅིག་ནང་གི་རྗེ་བཙུན་སྒྲོལ་མ།།
དུས་ཀྱི་མཐའ་ལ་སླེབས་པའི་རང་རྟགས་བསྟན་མ།།
- ཟིན་ཐོ་གོང་མ།མི་གོ་བ་ཅན་ལ་ཚིག་གཅིག
- ཟིན་ཐོ་འོག་མ།ཐེག་པ་རིམ་དགུའི་ལྟ་བ་བསྟན་པ།
འདོད་ཚིག་དམར་རྗེན་སྨྲ་ལ་ངོ་ཚ་མ་མེད་མ།།
དུས་རབས་ཉེར་གཅིག་ནང་རྗེ་བཙུན་སྒྲོན་མ།།
དུས་བསྟུན་བདེ་བར་རོལ་བའི་དགྱེས་སྡེར་གྱུར་མ།།
སྐུ་གཞོག་ལགས་འདི་འདྲ་ཁ་ཤས་ད་དུང་ཆད་འདུག་པས་ཁ་སྐོང་ཞིག་བྲིས་ན་ག་འདྲ་འདུག ཧ་ཧ་ཧ་་་་་་་་་
གཙང་ཚ་མཆོག་གིས་རྗེ་བཙུན་སྒྲོལ་མེའི་ཁ་སྐོང་བྲིས་པར་ཐུགས་རྗེ་ཆེ། ད་དུང་ཁྱེད་རྣམ་པའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སྒྲོལ་མ་ཉེར་གཅིག་ཆ་ཚང་ཐུབ་པའི་རེ་བ་ཡོད། ཧ་ཧ་ཧ་