ནུབ་ཕྱོགས་བོད་ཀྱི་ཆོས་རྒྱུད་རིས་མེད་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཚོགས་པའི་སྐོར།
ནུབ་ཕྱོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་ཉེ་ཆར་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དང་བཅུ་གཅིག་ཉིན་གཉིས་རིང་བྱང་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་སྡེ་བཞི་ཕུན་ཚོགས་གླིང་དུ་གཟབ་རྒྱས་ངང་འཚོགས་ཡོད་པ་དང་། རེས་གཟའ་པ་སངས་ཞོགས་པའི་ཆུ་ཚོད་དགུ་པར་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཐོ་འགོད་དང་སྣང་གསལ་མར་མེ་ཞལ་འབྱེད། སྐྱབས་སེམས་དང་བཀྲ་ཤིས་ཐུགས་སྨོན་བཅས་ཀྱིས་སྒོ་འབྱེད་དང་བསྟུན་ནས། ཚོགས་དྲུང་ཨ་གནམ་ཐུབ་བསྟན་མཆོག་གིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་དང་བསོད་རྒན་རིན་པོ་ཆེས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་སྒྲུབ་ལགས་ནས་བོད་རིགས་ཚོགས་པའི་ངོ་ཚབ་གསུང་བཤད་སོགས་གྲུབ་རྗེས། ཉིན་གཉིས་རིང་གཤམ་གསལ་དོན་ཚན་ཁག་དྲུག་ལ་བགྲོ་གླེང་བྱས་འདུག དོན་ཚན་ཁག་དྲུག་གི་དང་པོ། ཡུལ་དུས་གསར་པའི་འགྲོས་དང་བསྟུན་ནས་གདུལ་བྱའི་ཁམས་དབང་ལྟར་ཆོས་འཆད་སྤེལ་ཇི་ལྟར་བྱེད་ཚུལ། གཉིས་པ། ཆོས་དང་ཚན་རིག སེམས་ཁམས་རིག་པ་རྣམས་ཀྱི་འབྲེལ་བའི་སྐོར་དང་། དེས་སྤྱི་ཚོགས་ལ་ཕན་བདེ་སྐྲུན་སྟངས་སྐོར། གསུམ་པ། དམིགས་བསལ་ཆོས་ཉམས་ལེན་གྱི་སྒོ་ནས་ཕྱིའི་ཁོར་ཡུག་སྲུང་སྐྱོབ་དང་། ནང་སེམས་ཀྱི་ཞི་བདེ་ཇི་ལྟར་སྐྲུན་སྟངས་སྐོར། བཞི་པ། བྱེས་བཞུགས་བོད་ཀྱི་ཆོས་བརྒྱུད་འཛིན་མཁན་རྣམས་ནང་ཕན་ཚུན་སྔར་ལས་ལྷག་པའི་མཐུན་སྒྲིལ་གོང་འཕེལ་ཇི་ལྟར་གནང་དགོས་སྐོར། ལྔ་པ། རིས་མེད་བོད་ཀྱི་ཆོས་བརྒྱུད་འཛིན་མཁན་རྣམས་ཀྱིས་ནུས་པ་གཅིག་གྱུར་སྒོ་ནས་རང་རེའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཇི་ལྟར་བྱེད་པའི་སྐོར། དྲུག་པ། མ་འོངས་ཨ་རིའི་ཡུལ་བཞུགས་བོད་ཀྱི་ཆོས་བརྒྱུད་རིས་མེད་མཁས་པའི་བགྲོ་གླེང་ཚོགས་འདུ་མུ་མཐུད་རྒྱུན་སྐྱོང་ཇི་ལྟར་གནང་ཚུལ་བཅས་ཡིན་ཞིང་། ཚོགས་ཐེངས་རེ་རེའི་སྐབས་སུ་ཚོགས་བཅར་པ་རྣམས་ལ་ཐོག་མར་སྐར་མ་ལྔ་རེའི་དགོངས་འཆར་གསུང་བའི་དུས་ཚོད་བཀོད་སྒྲིག་དང་། ཚང་མས་དགོངས་འཆར་ཐེངས་གཅིག་གསུངས་གྲུབ་རྗེས་ཡང་སྐྱར་ཆུ་ཚོད་དང་བསྟུན་ནས་ བགྲོ་གླེང་གི་དུས་ཚོད་ཕུལ་བ་དང་། མཁས་དབང་རྣམ་པས་རང་རང་རྣམ་དཔྱོད་དང་ཉམས་མྱོང་གཞིར་བཞག་གི་བགྲོ་གླེང་ལྷུག་པོར་གནང་བ་མ་ཟད། མཐའ་མའི་གྲོས་ཆོད་དང་འབྲེལ་བའི་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་སྐོར་ལ་མཚོན་ན་ཡང་། ཐེངས་འདིར་སྔོན་ཆད་གཞུང་འབྲེལ་ཡིག་ཆ་སོགས་སུ་”གཡུང་དྲུང་བོན་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི ”ཞེས་པའི་སྐོར་ལ། ཇོ་ནང་ལ་ཡང་ཆོས་བརྒྱུད་རང་རྐྱ་བ་ཞིག་ཡིན་པར་ངོས་འཛིན་གྱིས། “བོད་ཀྱི་ཆོས་བརྒྱུད་དྲུག་”ཅེས་ པའི་ཐ་སྙད་འདི་གཏན་འབེབ་དང་འབྲེལ་ཇི་སྲིད་བར་དུ་བེད་སྤྱོད་བྱེད་དགོས་པ། ཆོས་འཆད་སྤེལ་གནང་མཁན་རྣམ་པས་སྲོལ་རྒྱུན་གཞིར་བཞག་གིས་དུས་རབས་དང་མཐུན་པར་ ཆོས་ཀྱི་ཕྱག་ལས་གནང་དགོས་པ་། མ་འོངས་པར་ཡང་ཚོགས་འདུ་འདི་ལོ་རེ་རེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ས་གནས་མི་འདྲ་བའི་ནང་འཚོག་རྒྱུ་དང་། ཚོགས་ཐེངས་རྗེས་མའི་སྐབས་སུ་མཁན་སྤྲུལ་དགེ་བཤེས་སོགས་མིན་པའི་བོད་ཀྱི་ཆོས་ རིག་ལ་མཁས་པའི་མི་སྣ་ཡང་ཚོགས་འདུར་གདན་ཞུ་གནང་དགོས་པ། བོད་ཀྱི་ཆོས་བརྒྱུད་དྲུག་གི་འཐུས་མི་རེ་རེ་བཞིན་མང་མོས་ཀྱི་ལམ་ནས་ཐག་གཅོད་ཀྱིས། འཐུས་མི་རེ་རེའི་དུས་ཡུན་ལོ་གཉིས་རེ་ཡིན་པ་སོགས་གཏན་འབེབ་གནང་སྟེ་ཚོགས་འདུ་ ཐེངས་གཉིས་པ་འདི་རྒྱལ་ཁའི་ངང་གྲོལ། ཚོགས་འདུ་འདིའི་སྐབས་ཀྱི་གསུང་བཤད་དང་བགྲོ་གླེང་གི་རིམ་པ་རྣམས་བརྙན་འཁོར་CD/DVDདང་དྲ་ལམ་བརྒྱུད་ནས་སྤྱི་ཚོགས་ཁྲོད་འགྲེམ་སྤེལ་གང་མགྱོགས་བྱ་རྒྱུ་ཡིན་སྐོར་དང་། ཚོགས་འདུའི་སྐོར་གྱི་དྲི་བ་དྲི་ལན་དག་གསན་འདོད་ན་གཤམ་གྱི་དྲ་ཐག་བརྒྱུད་དེ་གསན་པར་ཞུ།
http://www.voatibetan.com/content/tibetan-lamas-cinclude-theree-day-conference/1485334.html
- ཟིན་ཐོ་གོང་མ།ལོ་ས་ཡ་གཉིས་ཕྱིན་པའི་མི་རུས།
- ཟིན་ཐོ་འོག་མ།འདིའི་རིགས་ང་ཚོས་དོ་སྣང་དགོས།
གྲོགས་གཙང་ཚ་ཡུན་རིང་མ་མཇལ་བས་སྐུ་ཁམས་བདེ་མོ་ཨེ་ཡིན།
(གྲོགས་གཙང་ཚ་ལགས་ལ་དགོངས་དག་ཞུ་རྒྱུ་ནི་ངས་འདི་ནས་ཁྱེད་ལ་ལན་ཞིག་སློག་དགོས་བསམ་བཞིན་བསྣན་ནོར་ཤོར་སྟེ་ཁྱེད་ཀྱིས་བྲིས་པ་དེ་བསུབ་སོང་བས། སླར་ཁྱེད་ཀྱིས་བྲིས་པ་ཇི་བཞིན་ལན་དང་མཉམ་དུ་བཏང་ཡོད་)