ཕྲན་རང་ཉིད་འདི་བཞིན་ཧི་བོན་ཟིན་ཚོགས་སུ་ཞུགས་དོན་ནི། ངས་ནམ་ཡང་ཕྱི་ནས་དཀར་ནག་སེར་གསུམ་གྱི་ཐ་སྙད་ཐོགས་པའི་རྒྱལ་ཁབ་གསུམ་གྱིས་ཆོས་དམག་དང་། རྟ་དམག ཡུལ་དམག་སོགས་སྔ་ཕྱི་རིམ་ཅན་གྱིས་གནས་འདིར་དཔུང་བསྒྲིགས་བྱས་ཤིང་། ནང་ནས་རྒྱལ་ཁབ་དང་མི་རིགས་ཁ་ལ་ཁྱེར་ནས་སྲིད་དོན་གྱི་མཚོན་ཁ་ནང་དུ་དྲངས་ཏེ་ཞིག་རལ་དང་གཏོར་བཅོམ་གང་མང་བཏང་མྱོང་བའི་གནའ་གྲོང་སྟེ། རྒྱལ་སྲས་སྤུ་ལྡེའི་བླ་མཁར་ཆེན་མོའི་གཟི་བྱིན་ལ་སེམས་ཤོར་ཞིང་། གོ་ཆག་ལ་ཡིད་ཕངས་བཞིན་ལྷགས་ཡོད། དེས་ན་ངས་དུས་ཁོམ་གྱི་བར་གསེང་དང་བསྟུན་ཏེ་བླ་མཁར་འདིའི་ནང་རོལ་ནས་གནས་ལུགས་ཀྱི་སྐད་ཆ་ཐར་ཐོར་རེ་བདེན་དོན་གྱི་ཆེད་དུ་གླེང་མོལ་བྱ་ནས་འདོད།

ཉེ་ཆར་ཨ་ཧྥི་རི་ཀའི་ནང་ལོ་ས་ཡ་གཉིས་ལྷག་འགོར་བའི་མིའི་མགོ་རུས་ཤིག་རྙེད་ཡོད་པ་དང་། དེ་ནི་གདོད་མའི་འགྲོ་བ་མིར་རིཊ་འགའ་ཤས་ཡོད་པའི་དཔང་རྟགས་ཤིག་ཡིན་པར་བཤད་འདུག
ཕྱི་ཚེས་ ༨ ཉིན་རང་བྱུང་གསར་དེབ་ (Journal Nature)སྟེང་གསར་དུ་རྙེད་སོན་བྱུང་པའི་གདོད་མའི་འགྲོ་བ་མིའི་ཤུལ་ལྷག་མགོ་རུས་ཤིག་གི་སྐོར་བཀོད་འདུག་ལ། དེ་ནི་ཉེ་ཆར་ཨ་རིའི་སི་ཊོ་ནེ་སློབ་ཆེན་ (Stony Brook University) གྱི་མི་རྒྱུད་དཔྱད་རིག་མཁས་པ་མའེ་ཝེ་ (Meave Leakey) གཙོས་པའི་ཚན་རིག་པ་ཁག་ཅིག་གིས་ཨ་ཧྥི་རི་ཀའི་ཀེ་ནེ་ཡ་ (Kenya) ས་གནས་སུ་གདོད་མའི་འགྲོ་བ་མིའི་མགོ་རུས་ཤིག ས་འོག་ནས་རྙེད་སོན་བྱུང་ཡོད་པ་དང་། ཁོ་ཚོས་མགོ་རུས་དེར་ཚན་རིག་གི་བརྟག་དཔྱད་བརྒྱུད་ལོ་ངོ་ས་ཡ་གཉིས་ལྷག་འགོར་བའི་མགོ་རུས་ཤིག་ཡིན་པ་མ་ཟད། དེ་སྔ་རྙེད་སོན་བྱུང་པའི་གདོད་མའི་འགྲོ་བ་མིའི་ཤུལ་ལྷག་དག་དང་བསྡུར་ཏེ། མགོ་རུས་ཀྱི་སྟེང་ནས་གདོང་དང་ཀླད་རུས། ཁ་མིག་སོགས་ཀྱི་དབྱིབས་དང་ཆེ་ཆུང་། གྲུབ་ཚུལ་སོགས་ལ་བརྟག་དཔྱད་བརྒྱུད། མིའི་འགྲོ་བ་ནི་ལོ་ངོ་ས་ཡ་གཉིས་ལྷག་གི་གོང་ནས་བྱུང་ཡོད་པ་མ་ཟད། སྐབས་དེར་འགྲོ་བ་མིའི་རིགས་འགའ་ཤས་ཤིག་ཡོད་པའི་དཔང་རྟགས་བྱུང་ཡོད་པ་དང་། རིམ་བཞིན་རིགས་ཁག་ཅིག་རྩ་སྟོང་དུ་ཕྱིན་ཏེ། ད་ལྟའི་འགྲོ་བ་མིའི་རིགས་འདི་སྐབས་དེའི་རིགས་འགའ་ཤས་ཡོད་པ་ལས་རིགས་རྒྱུད་གཅིག་ནས་མར་ཡོང་པ་ཞིག་ཡིན་པར་བཤད་འདུག
མི་རྒྱུད་དཔྱད་རིག་མཁས་པ་མའེ་ཝེ་ཡིས་། “ དཔང་རྟགས་འདིས་ང་ཚོ་འགྲོ་བ་མིའི་རིགས་ཀྱང་སེམས་ཅན་གཞན་དག་ལྟར་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་གཅིག་མཚུངས་ཡིན་པ་དང་། ཁོར་ཡུག་དང་དུས་ཀྱི་དབང་གིས་རིགས་ རྒྱུད་ཁག་ཅིག་རྩ་སྟོང་དུ་གྱུར་ཡོད་པ་གསལ་བོ་རེད། ” ཅེས་བརྗོད་འདུག
དབྱིན་ཡུལ་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་ (Natural Histoy Museum) གི་ཚན་རིག་སློབ་དཔོན་ཆེན་མོ་ཁི་རེ་སི་ (Chris Stringer) ཡིས། རང་བྱུང་ཁམས་ནི། ཁོར་ཡུག་དང་གནམ་གཤིས། ས་བབ་སོགས་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན་སྟབས། གནས་བབ་མ་འདྲ་བའི་དབང་གིས་མིའི་རིགས་ཀྱང་མ་འདྲ་བ་བྱུང་ཡོད་པ་དངོས་བདེན་ཡིན་པ་དང་། ད་ལྟའི་མི་རྣམས་རིགས་དེ་དག་ཁྲོད་ཀྱི་རྩ་སྟོང་དུ་མ་སོང་པར་མུ་མཐུད་འཚོ་གནས་བྱུང་པའི་རིགས་གཅིག་ལས་ཆད་པ་ཞིག་ཡིན་ཚུལ་བརྗོད་འདུག
དུས་བབ་དྲ་རྒྱ་ལས་དྲངས།
- ཟིན་ཐོ་གོང་མ།སྤྱིལ་ཆུང་ནང་གི་གྲོགས་པོ།
- ཟིན་ཐོ་འོག་མ།ཆོས་རྒྱུད་རིས་མེད་མཁས་པའི་བགྲོ་གླེང་།