ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

༦༽སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་ཐར།
[ 2012/7/28 16:58:00 | By: ཀུ་ས་ལི། ]
 

  • གོང་མའི་འཕྲོ་མཐུད།
  • །།ལྟ་བ་ཡས་ཕུབ་བླ་མེད་མངོན་གྱུར་ཡང་།།
  • །།སྤྱོད་པ་མས་འཛེག་ཆུ་སྦྱིན་བཟླས་བརྗོད་བརྩོན།།
  • །།སྙིང་རྗེས་རྒྱུད་བསྐུལ་གང་འདུལ་ཐབས་བརླིང་བ།།
  • །།སྦྱིན་སོགས་ཕྱིན་བཅུས་སྲིད་པའི་འཁོར་མཚོ་དཀྲུགས།།
  •  
  • རྗེ་དམ་པ་ཉིད་ཀྱི་རབ་འབྱམས་མདོ་སྔགས་ཕྱི་ནང་གི་དབང་ལུང་མན་ངག་གི་གདམས་པ། བཤད་ཁྲིད་འཕོ་ཁྲིད་དམར་ཁྲིད་སོགས་ཀྱིས་མཚོན་པའི་བོན་སྦྱིན་བརྗོད་མཐའ་བྲལ་བ་བསྩལ་བ་ལས། དབང་ལུང་མན་ངག་གི་སྐྱབས་འོག་ཏུ་ཚུད་པ་ཇི་སྙེད་ཐམས་ཅད་བརྗོད་པར་མི་ནུས་ཏེ་བསམ་མཐའ་ཡས་པས་སོ། འོན་ཀྱང་འདིར་སྨིན་སློབ་དཔེ་མཚོན་ཙམ་དུ་ནི། སྨིན་གྲོལ་གྱི་སློབ་མ་གཏེར་སྲས་པདྨ་ཕྲིན་ལས། སྤ་སྟོན་གཡུང་དྲུང་འབྲུག་གྲགས། སྤ་བཙུན་ཚེ་དབང་གཡུང་དྲུང་། སྤ་ནམ་མཁའ་རྒྱལ་མཚན། གཡུང་དྲུང་ཉི་རྒྱལ། འཆི་མེད་ཚེ་དབང་དང་དབུ་རི་བླ་མ་བསྟན་པ་ཕུན་ཚོགས། ཤེལ་ཞིག་བླ་ཆུང་། སྤ་མེ་དཔལ། དབང་རྒྱལ། གུ་གེ་བླ་མ་དགའ་འབུམ། དབུ་བླ་བསོད་གཡུང་། སྐྱ་བོ་བླ་མ་སྐུ་མཆེད་གཉིས། ཚུལ་ཁྲིམས་འགྱུར་མེད། འབྲོང་ངུ་བླ་མ་དཀོན་མཆོག་ཚེ་དབང་། ཞུ་བླ་ཉི་གྲགས། རྐོམ་བླ་ཕྲིན་ལས་ཀུན་གྲགས་དང་ཞུ་ཉི་མ་རྒྱལ་མཚན། ཕྲིན་ལས་ཉི་མ་སོགས་ཐུགས་སྲས་བླ་མ་མང་པོ་དང་། ལུང་ཟིན་གྱི་ཌཀྐི་ལས་བཞིའི་གྲངས་ལྡན། རྟོགས་པ་མཆོག་ལྡན་གྱི་བཙུན་སྒོམ་པ་གཡུང་དྲུང་རྒྱལ་མཚན། ཏྲེ་བོ་བསོད་ནམས་རྒྱལ་མཚན། སྔགས་སེམས་རྣལ་འབྱོར་བདེ་ཆེན་ཆོས་དབྱིངས་རྡོ་རྗེ། སྒོམ་པ་བློ་གྲོས་འོད་ཟེར། ཚུལ་ཁྲིམས་དབང་ལྡན། གཡུང་དྲུང་འོད་གསལ། འཇིགས་མེད་ཚུལ་ཁྲིམས། མཚམས་པ་བསྟན་པ་དབང་རྒྱལ་སོགས་ཉམས་རྟོགས་མངོན་གྱུར་དུ་མ་དང་། བསྒོམ་པ་མཐར་ཕྱིན་གྱི་བཙུན་མ་བྱ་རྫོང་རྗེ་བཙུན་མ། འོད་ལྡན་ཚུལ་ཁྲིམས། ཤེས་རབ་བཟང་མོ། སྦྱིན་པ་བཟང་མོ། ཀརྨ་བཟང་མོ། ཚུལ་ཁྲིམས་བཟང་མོ་སོགས་ཚེ་དང་སྒྲུབ་པ་མཉམ་པ་མང་པོ་དང་། བསྟན་པའི་སྦྱིན་བདག་ཆེན་པོ་ས་དབང་ཧོར་རྒྱལ་བཱེ་ཧུ་ནོར་བུ་དབང་རྒྱལ། ཚེ་དབང་བསྟན་འཛིན། ནོར་བུ་བསམ་འཕེལ། ལྕམ་ཚེ་དབང་ལྷ་མོ། དམར་རུ་གཡུང་དྲུང་བསྟན་གྲགས་སོགས་ཀྱི་གཙོས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་སྣང་བ་བཞིའི་གྲངས་ལྡན་ལྷག་ཙམ་དང་། གཞན་ཡང་བྱང་ཆུབ་ཀྱི་ས་བོན་ཐེབ་པའི་དད་སློབ་ཁྲི་ཕྲག་མང་པོ་སོགས། བསྟན་དང་འགྲོ་བའི་དོན་ལ་བྱ་བ་རྒྱ་ཆེར་གྱི་ཁུར་བླངས། ཆུང་ངུ་ནས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། བསྟན་དང་འགྲོ་ལ་ངལ་དུབ་མེད་པར་དོན་བྱས། མདོ་སྔགས་གང་ལའང་འཆད་ཉན་སྤེལ་གསུམ་བསྙེན་སྒྲུབ་ལས་གསུམ། ཐོས་བསམ་བསྒོམ་གསུམ་སོགས་རང་འཁོས་དང་བསྟུན་ཏེ་ཇི་ནུས་སུ་བསྒྲུབ། བསྟན་པ་ལ་ཞབས་ཏོག་དང་། འགྲོ་བ་ལ་ལམ་སྟོན་སོགས་མིག་ལྟོས་མ་ཞེན་པར་བསྒྲུབ་པ་བཞིན་དུ། ད་ཕྱིན་བླ་གྲྭ་སེར་སྐྱ་ཕོ་མོ་སོགས་བདག་གི་རྗེས་འཇུག་རྣམས་བྱ་སྤྱོད་གང་ལའང་ལོག་པར་མ་སོང་བར་ཡང་དག་དགེ་བའི་དོན་ལ་རྩེ་གཅིག་ཏུ་གཞོལ་ཞིང་། ལས་འབྲས་ལ་སྤང་བླང་། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་གསང་སྔགས་སོགས་ཀྱི་དོན་ལས་མི་འདའ་བར། བསྙེན་སྒྲུབ་དུས་མཆོད། ཁ་འདོན་བཟླས་བརྗོད། བསག་སྦྱོང་སྤེལ་གསུམ། བཅའ་ཁྲིམས་སྒྲིག་ཁུར། རྟེན་བཞེངས་ཉར་ཚགས། དྲང་ངེས་ཀྱི་ཉམས་ལེན། ལྟ་སྒོམ་མཐར་འདོན་སོགས་ལ། ཇེ་ཞེན་དུ་མ་སོང་བར་ཡར་ངོའི་ཟླ་བ་བཞིན་དུ་དར་རྒྱས་རྟག་བརྟན་དུ་ཡོང་ཐུབ་པ་ཅི་ནས་ཀྱང་གྱིས་དང་། དེ་ཚེ་སྤྲང་བོན་བདག་གིས་བསམ་པ་འགྲུབ་པ་དང་། ཡིད་ཀྱང་དགའ་ལ་རབ་ཏུ་མགུ་བ་ཡིན། དེ་མིན་བླ་གྲྭ་རྣམས་ཆོས་བཞིན་མི་སྤྱོད་པར་རང་རྒྱུད་འགྲོ་བ་ཕལ་པ་ལས་གྱོང་། དཔོན་བློན་རྣམས་བཀའ་ཁྲིམས་མི་དྲང་ཞིང་གཡོ་སྒྱུ་དང་ངོས་ལྐོག་གིས་གཞི་བཟུང་། སློབ་མ་རྣམས་སྒོམ་སྒྲུབ་མི་བྱེད་པར་ཁ་བཤད་དང་སྐུར་འདེབས་ཀྱིས་དུས་འདའ། སྒོམ་ཆེན་རྣམས་རྟོགས་མཐར་མི་སྐྱེལ་བར་ཟབ་དོན་དང་ཟང་ཟིང་གཉིས་ཚོང་བྱེད། སྦྱིན་བདག་རྣམས་ཚོགས་བསག་མི་སེམས་ཤིང་། བྱས་དང་ཁོང་ཡུས་ཀྱི་གཞི་རྩོད། བསྟན་འཛིན་རྣམས་རྒྱལ་བསྟན་མི་སྐྱོང་བར་གྲོང་ནག་ཏུ་རྣམ་གཡེང་གི་བྱ་བ་སྐྱོང་། བདུད་སྤྲུལ་རྣམས་མངའ་ཐང་རྒྱས་པས་བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་སྐབས་འདིར་ཤིན་ཏུ་ཡིད་སྐྱོ་བར་འདུག་པས། སྤངས་བླང་ལག་ལེན་གནད་དུ་འགྲོ་ངེས་པ་ཞིག་ཅི་ནས་ཀྱང་རེམས་རེམས་ཤེས་ཞལ་གདམས་ལྷུག་པོར་གསུངས་པ་ལགས་སོ།
  • །།སྤངས་རྟོགས་ཡོན་ཏན་རྩི་བཅུད་ཟིལ་མངར་བརྟས།།
  • ཕྱོགས་མེད་འཁོར་སློབ་བུང་བའི་ཁྱུ་ཚོགས་འདུས།།
  • ཐོས་བསམ་གཤའ་མའི་རོ་བཅུད་གདེང་ཐོབ་པས།།
  • །།ཉམས་མྱོང་མངོན་གྱུར་རྟོགས་པའི་མགྲིན་གླུ་ལྡིར།།
  •  
  • གཞན་ཡང་བདག་ལ་བཀའ་དྲིན་མཆོག་ཏུ་སྐྱོང་བའི་རྩ་བའི་བླ་ཆེན་ལྔ། གཏེར་སྟོན་བདེ་ཆེན་གླིང་པ། ཞུ་སྟོན་རྒྱལ་མཚན་ཉི་མ། མེ་སྟོན་ཉི་མ་རྒྱལ་མཚན། མཁན་ཆེན་སྐལ་བཟང་ཉི་མ། རྒྱལ་སྲས་པདྨ་བདུད་འདུལ་དང་ལྔའོ། ཚེ་རབས་ཀྱི་ཡི་དམ་ལྔ།  སྤྱི་སྤུངས་ཞི་ཁྲོ། སྟག་ལ་མེ་འབར། འབྲུག་གསས་ཆེམ་པ། དྲན་པ་ཚེ་སྒྲུབ། གཤེད་དམར་སྤྱི་འདུལ་དང་ལྔའོ། རྒྱུན་རྟེན་གྱི་མཁའ་འགྲོ་ལྔ། མ་རྒྱུད་ཐུགས་རྗེ་ཉི་མ། གསང་ཆེན་རོལ་པ་ཟངས་ཐལ། མཁའ་འགྲོ་དགོངས་པ་འདུས་པ། རྩ་རླུང་རྡོ་རྗེ་ཕག་མོ། སྐལ་ལྡན་ཞིང་སྐྱོངས་ལྷ་མོ་དང་ལྔའོ། ལྷག་པའི་བོན་སྐྱོང་ལྔ། བཀའ་གསང་ལྷ་མོ། གཤིན་རྗེ་དུག་གདོང། མི་བདུད་འབྱམས་པ། ཨ་བསེ་བྲག་བཙན། རྒྱལ་ཆེན་ཤེལ་ཁྲབ་དང་ལྔའོ།  སློབ་གྲལ་ནས། འགྲོ་འདྲེན་གྱི་བླ་མ་ལྔ། གཏེར་སྲས་པདྨ་ཕྲིན་ལས། སྤ་སྟོན་དྲུང་མུ་དམུ་ཨུན། སྤ་སྟོན་ཚེ་དབང་གཡུང་དྲུང། འབྲོང་ངུ་རརྣ་ཨ་ཡུ། རྐོམ་ཀརྨ་ཀིརྟི་དང་ལྔའོ། ཟིན་གྱི་མཁའ་འགྲོ་ལྔ། ཧོར་མོ་པུ་ཁ་དྷརྨ་ཏ་རེ། བསྟན་གླིང་ཌཱཀྐི་པུ་ཁ་ཤྭ་ར། པད་དཀར་བཟའ་ལངྐ་ཤྲི་ཏ་རེ། གཤེན་བཟའ་གྷ་ཤི་ལ་དོན་གསལ། ཞུང་མོ་ངེ་ངོ་ཝེ་ཤྲི་ཏ་རེ་དང་ལྔའོ། བཀའ་བབས་ཀྱི་བུ་ཆེན་དྲུག ལུང་ཟིན་བཀའ་བབས་པདྨ་ཀརྨ། རྒྱུད་འཛིན་བཀའ་བབས་དྲུང་མུ་དམུ་ཨུན། བསྟན་འཛིན་བཀའ་བབས་དྲུང་མུ་རྡྷྭཛ། རིག་འཛིན་བཀའ་བབས་པུ་བྱེ་ཝེར་ཞི། འདུལ་འཛིན་བཀའ་བབས་བུརྡྷ་ཤ་ས། གསང་སེམས་བཀའ་བབས་པུ་ཁ་སྟརྟུ་བཛྲ་དང་དྲུག་གོ། རི་སྒོམ་གྱི་བཙུན་མ་ལྔ། བྱ་རྫོང་རྗེ་བཙུན་མ་ཤྲཱི་བྷ་ཝི། ཨ་སྲིད་བཟའ་བྷ་ཤི་རོས་ཝན། ཇ་བཟའ་པྲཛྙཱ། ག་བཟའ་པཱདྱཱ་བྷ་དྲ། བང་བཟའ་ཀརྨ་བྷ་དྲ་དང་ལྔའོ། སྤྱོད་ལམ་ཐུགས་ཟིན་གྱི་གྲྭ་བཙུན་བདུན། པ་མནྟ་བྷ་དྲ་བྷ་ཤི་ལ། གེབ་བཙུན་རབ་གསལ། སྭརྱ་ཕུར་ཕྱིན། དྲུང་མུ་བྷེ་ཏ། ཨ་ཡུ་རྡྱྭ་ཛ། ཝཾ་ཡ་རསྨི། ཤ་པ་ལ་གྷ་ཤི་དང་བདུན་ནོ། རོ་སྙོམས་ཀྱི་གཅོད་པ་བདུན། ཙིམ་བ་ཀ་ཨ་ཡུ་དྲུང་མུ། གཅིག་ཤེས་བདེ་ཆོད། མ་ཏི་རསྨི། མ་ཏི་བྷ་ལྡན། ཤེལ་ཞི་ཟུར་ཝེར། པྲ་ཛྙ་ཀུན་འབྱུང། རེ་མནྟ་དྷེ་ཝ་དང་བདུན་ནོ། སྐལ་ལྡན་གྱི་སློབ་མ་ལྔ། རརྣ་ཝ་ཤམ། དྲུང་མུ་ཚེ་རིང། ཝཀཱ་ཛ་ཡ། དྲུང་མུ་རྡྭ་ཛ། ཛ་ཡ་ཤ་པ་དང་ལྔའོ། ལས་ལྡན་གྱི་བུད་མེད་ལྔ། ས་མཱག་བྷ་དྲ་རྡརྨ་ཏ་རེ། དྲུང་མུ་ཤྲཱི་ས་ར། ཨ་ཡུ་རྡརྨ་ས་ར། གསལ་དཀར། ཨ་ཡུ་དྷེ་ཝི་དང་ལྔའོ། བསྟན་འཛིན་གྱི་ཡོན་བདག་ལྔ། ཧོར་རྒྱལ་ཨ་ཡུ་སད་ཝེར། ས་དབང་མ་ཎི་ཟུར་ཝེར། ཟུར་ཝེར་ཀིརྟི། དྲུང་མུ་ཤ་ས་ན་ཀིརྟི། ཁྱུང་པོ་ཙཀྲའི་མིང་ལྡན་དང་ལྔའོ། དྲིན་ལྡན་གྱི་འཚོ་བྱེད་གཉིས། པདྨ་ཤེས་བྱ། དྷརྨ་བྷི་དང་གཉིས་སོ། ལས་ངན་གྱི་ལྟ་ལོག་ལྔ་སོགས། ལས་སྤྱོད་ལོག་པ་ལས་ངན་ལོག་གཡེམ་ལྡན། ཉུ་ལེ་མངོན་རྒྱུག་སྨད་འཚོང་གྲགས་པ་ཅན། བཀའ་འདས་དམ་ལོག་བློ་ངན་ཐབས་ལས་མཁས། ལོག་སྤྱོད་གཡན་དཀྲུག་ཁྲིམས་རལ་ཨ་ཉེར་འཚེ། སྨོན་ལོག་འདུན་འགྲུབ་མ་རུང་རྒྱ་མཚོ་བརྡོལ། ཞེས་པ་དང་ལྔའོ། དག་དང་མ་དག་གིས་འབྲེལ་བ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་རྣམས་གསུངས་པས། འདིར་འཕྲོས་དོན་མདོར་བསྡུས་ཙམ་བྲིས་པའོ། དེ་ནས་གོང་གི་བུ་ཆེན་དྲུག་ལས། ལུང་ཟིན་མཆོག་ཆེན་གྲུབ་པའི་དབང་པོ་རྒྱལ་སྲས་པདྨ་ཕྲིན་ལས་དང་། སྨིན་གྲོལ་བསྟན་པའི་རྒྱུད་འཛིན་དམ་པ་སྤ་སྟོན་གཡུང་དྲུང་འབྲུག་གྲགས་དང་། སྒོམ་ཆེན་རི་ཟིན་རྟོགས་པ་མཆོག་ལྡན་ཏྲེ་བོ་བསོད་ནམས་རྒྱལ་མཚན། གསང་སེམས་༼གསུམ༽སྒོ་གསུམ་འབྲས་བུར་སྨིན་པ་བདེ་ཆེན་ཆོས་དབྱིངས་རྡོ་རྗེ་དང་བཞི་ལ་རང་དོན་གཉུག་མའི་བཙན་ས་བཟུང་ངོས། གཞན་དོན་སྨིན་གྲོལ་གྱི་ཕྲིན་ལས་སྐྱོང་དགོས་པར་གནང་བ་སྩལ་ཞིང་། བཀའ་དོན་ཆེད་དུ་གདམས་པར་མཛད་དོ། ཞེས་གསུངས། དེ་ནས་རྗེ་དམ་པ་ཉིད་སྐུ་མི་རྟག་མྱ་ངན་འདས་ཚུལ་བསྟན་པ་ནི། སྟོན་པའི་ཞལ་ནས། སེམས་ཅན་མ་རིག་ཞེན་ཆགས་སྤྱོད་པ་ཀུན། འཆི་ཁར་འཇིགས་ལ་འདའ་ཁར་རབ་ཏུ་འཚེར། བདག་ནི་འཆི་ཁར་བྲོད་ལ་འདའ་ཁར་དགའ། དཔེར་ན་བདག་ནི་བྱ་ཁྱུང་བུ་དང་འདྲ། སྒོ་ངའི་ནང་ནས་གཤོག་དྲུག་རྒྱས་པ་སྟེ། སྒོང་རྒྱ་རལ་ནས་གཤོག་དྲུག་གར་བསྒྱུར་བདེ། ཞེས་གསུངས་པ་ལྟར། སྐྱབས་རྗེ་གཏེར་སྲས་རིན་པོ་ཆེ་གཙོས་རང་དགོན་བླ་གྲྭ། ཧོར་སྤྱི་གྲགས་རྣམས་བཅས་ནས་བརྟན་བཞུགས་ཡང་ནན་ཞུས་ཀྱང་རྗེ་དམ་པ་ཉིད་ནས། སྤྱིར་ན་འགྲོ་བ་རྣམས་ལས་རྒྱུ་འབྲས་རང་ཁྲིམས་ཞིབ་པར་སྲུང་བ་གལ་ཆེ། ཁྱད་པར་སོ་བྱང་སྔགས་ཀྱི་བསྟན་པ་བཤད་སྒྲུབ་འཛིན་སྐྱོང་སྤེལ་གསུམ་ཚུལ་ལྡན་གང་ཟབ་དགོས་པ་གསུངས་པ་ལས་བཞུགས་པར་ཞལ་བཞེས་མ་གནང་ཞིང་། བླ་གྲྭ་རྣམས་ལ་དམ་གཙང་ཚུལ་མཐུན་སྒོ་ནས་བསྟན་པ་ཉམས་མེད་སྐྱོངས་དགོས་ཞེས་བཀའ་འཆི་མེད་གསུང་གི་ཐ་མ་ཡང་ཡང་བསྩལ། ཚེས་བཅུའི་ཉིན་པར་ད་ནི་གདན་ས་གཟིམས་ཤག་གཡུང་དྲུང་གསལ་བ་འོད་གླིང་དུ་ཕེབས་དགོས་འདི་ཡི་ཉ་ལ་སངས་རྒྱས་ཀྱི་དུས་ཆེན། དགེ་སྡིག་གང་བྱས་འབུམ་འགྱུར་འགྲོ་བའི་དུས་ཡིན་པས་དེ་དུས་དགོངས་པ་དབྱིངས་སུ་གཤེགས་ན། རྟེན་འབྲེལ་གྱི་གནད་ཆེ་བ་ཡིན་གསུངས་བཞིན་གཟིམས་ཁང་དུ་ཕེབས་བཞུད་མཛད། དེ་ནས་བཟུང་དགོངས་པ་མ་རྫོགས་བར་དུ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་སྙིགས་དུས་ཀྱི་སེམས་ཅན་ལས་ངན་པ་འདི་འདྲ་བ་རྣམས་ཡ་རེ་ང་། ཤ་རེ་ཚ། སྙིང་རེ་རྗེ། ཨ་ཙ་མ་འདི་རྣམས་ཐམས་ཅད་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་ཐར་ཏེ་ཐར་པ་སངས་རྒྱས་ཀྱི་ས་ལ་འཁོད་ནུས་པར་གྱུར་ཅིག ཅེས་ཡང་ཡང་གསུངས་པ་དང་། སྐྱབས་ཀུན་རིག་རྩལ་ཡོངས་རྫོགས་བླ་མས་དགོངས། བྱིན་རླབས་ཕྲིན་ལས་ཡི་དམ་མཁའ་འགྲོས་གཟིགས། དམ་ཅན་སྲུང་མས་བར་ཆོད་ཀུན་གྲོལ་ལ། བསམ་དོན་དུས་འདིར་འགྲུབ་པའི་བཀྲ་ཤིས་ཤོག ཅེས་པའི་ཚིག་བཞི་ཡང་ཡང་གསུངས་བཞིན་དུ་ཚེས་བཅུ་གསུམ་ཡོལ་ཞིང་བཅུ་བཞིའི་ཐོ་རངས་མ་ཟིན་ཙམ་ནས། ན་བཟའ་འདུལ་གོས་རིས་དྲུག་དང་དབུ་ལ་ཞྭ་དམར་གསེར་གྱི་ཧ་རིས་བཅས་གསོལ་ཞིང་རྗེས་འཇུག་གདུལ་བྱའི་སྣང་ངོར་དད་མོས་དང་ངེས་ཤེས་བསྐྱེད་པའི་ཕྱིར་དུ། སྐུ་ལུས་ཆ་ལུགས་བདུན་ལྡན་གྱི་འདིར་སྣང་གཟུགས་སྐུའི་བཀོད་པ་བསྡུས་ཤིང་དགོངས་པ་བོན་དབྱིངས་སུ་རྫོགས་པར་མཛད་དོ། དེ་ཉིན་གློ་བུར་དུ་རྫོགས་ཆེན་སྣང་བ་བཞིའི་གྲོལ་རྟགས་མངོན་གྱུར་དུ་མེ་ཏོག་གི་ཆར་བབས་པ་དང་འཇའ་ཤར་བ་སོགས་བྱུང་། ཞག་གསུམ་བར་དུ་དགོངས་པ་མི་གཡོ་བའི་ཚུལ་དུ་སྐུ་ཡོ་འགུལ་མེད་པར་བཞུགས། དེ་ནས་ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ནམ་ལངཀྱི་དུས་སུ་ཀུན་རིག་ལས་བཞི་རྒྱུན་ལྔ་དང་ཀློང་རྒྱས་སྟོང་རྩ་གཉིས་ཀྱི་མཆོད་རྫས་སྤུས་དག་མཉམ་དུ་སྐུ་གདུང་ཞུགས་ལ་འབུལ་སྐབས། བུད་ཤིང་མེད་པར་དབལ་མེ་རང་འབར་དུ་སོང་ཞིང་མེ་ལྕེ་དཀར་གསལ་ཤས་ཆེ་མེ་འོད་སྣ་ལྔ་འཕྲོ་བ་དང་། དུད་པ་ལ་དྲི་གསུར་མེད་པ་ཡེ་ཤེས་མེ་ལྷ་མངོན་སུམ་ལྟར་ཀུན་གྱིས་མཐོང་ཆོས་སུ་གྱུར་པའོ། མདོ་ལས། ཐུགས་རྗེ་སེམས་ཅན་ཕན་པའི་ཕྱིར། རྣམ་དག་སྤྲུལ་པའི་སྐུ་གདུང་ལས། བྱིན་རླབས་སྤྲུལ་པའི་རིང་བསྲེལ་བཞག ཅེས་དང་། ཡང་མདོ་ལས། སྤུར་སྒྲོམ་སྣང་བའི་ཞུགས་ལ་བཞེས། གདུང་རུས་རྟེན་གྱི་སྐལ་པ་སྦྱིན། ཞེས་གསུངས་པ་ལྟར། དབུ་ཐོད་དང་ཐུགས་སྤྱན་སྐུ་ཤ་གདུང་རུས་འཕྲུལ་ཡིག་དང་། རིང་བསྲེལ་ཤ་རི་རམ་སོགས་གདུལ་བྱ་རྣམས་དད་པ་མོས་པའི་རྟེན་དུ་རྗེས་བཞག་མཛད་པའོ།ཞེས་པ། ས་གསུམ་ན་མཚུངས་ཟླ་བྲལ་བ་རྗེ་དམ་པ་མཆོག་གི་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བ་ལས། མགོན་པོ་གང་གི་སྐུ་ཚེ་ཧྲིལ་པོར་བསྟན་དང་འགྲོ་བའི་དོན་དུ་གསང་གསུམ་གྱི་མཛད་པ་གང་བཀོད་པ་ལས། མཛད་ཕྲིན་རླབས་པོ་ཆེ་ཁག་ཅིག་གོ་སླ་བལྟ་བདེའི་སླད་ཟུར་དུ་ཕྱུངས་པ།   རྣམ་ཐར་ཐོས་ལྡན་དད་པའི་རྒྱུན་བཟང་ཞེས་བྱ་བ་འདི་ཉིད། ཁོ་བོའི་ཚེ་རབས་ལས་ཀྱི་ལྷག་པའི་བླ་མ་སྤ་ཚང་གྲུབ་རིག་འཛིན་པ་རྣམས་བདག་གི་ཕ་མེས་ནས། སྐལ་བཟང་སྙིང་གི་རྒྱན་དུ་བཞུགས་པ་གང་དག་གི་སྐྱབས་འོག་པ་སྦྲ་ནག་ཚང་གི་ཀུ་ས་ལིས་སྦྱར་བ་དགེའོ།། ཐ་ཚན་སྨར་རོ། བཀྲ་ཤིས་སོ།། །།
  • སྨྲས་པ།
  • །།གང་གི་སྲས་བཅས་རྣམ་ཐར་ཉིན་བྱེད་དབང་།
  • །།གང་དག་འགྲོ་ལ་དད་མོས་འདབ་བརྒྱའི་གསོས།
  • གང་མང་ལུང་ལས་ཡང་ཡང་གདམས་པ་དེས།
  • །།གང་སྐུའི་སྐྱབས་འོག་བདག་ལ་ཡིད་སྟོན་བསྐྱེད།
  • །།འདི་ལྟར་སྦྱར་བའི་རྣམ་དཀར་མཆིས་སོ་ཅོག
  • །།འདིར་སྣང་བྱང་ཆུབ་མ་ཐོབ་འགྲོ་མང་རྣམས།
  • །།འདིའི་ལུས་བྲལ་ཏེ་ལུས་རྒྱ་ཞིག་པའི་ཚེ།
  • །།འདི་ནས་རྣམ་མཁྱེན་རྒྱལ་བའི་སར་དགོད་ཤོག
  •  
  •  
  •  
  •  

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.