ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

༤༽ སྤ་སྟོན་ཉི་མ་འབུམ་གསལ་གྱི་རྣམ་པར་ཐར་པ།
[ 2012/7/28 0:23:00 | By: ཀུ་ས་ལི། ]
 

གོང་མའི་འཕྲོ།

།།བསྟན་འགྲོའི་དཔལ་དང་འཕགས་མཆོག་དགྱེས་པའི་གཏེར།།

།།སྐུ་གདུང་སྐུ་གཟུགས་གསུང་རབ་རི་དབང་གཏོས།།

།།ལོ་ཀའི་ཁམས་ཀྱི་འགྲོ་བའི་སྒྲིབ་སྦྱོང་ཐབས།།

།བྲིས་བཞེངས་མཛད་པའི་ཕྲིན་ལས་དཔག་བསམ་རྒྱས།།

 

དེ་ནས་ཆུ་མོ་སྦྲུལ་གྱི་ལོའི་ཟླ་བ་གསུམ་པའི་ནང་དུ་རྗེ་དམ་པ་ཉིད་ཀྱིས་སྲིད་རྒྱལ་དྲེའུ་དམར་མོའི་བསྙེན་སྒྲུབ་དམ་པར་བརྩོན་སྐབས་སུ་བསྙེན་སྒྲུབ་ཀྱི་དྲོད་ཚད་བརྙེས་ཤིང་གསང་བའི་ལྷ་ཞལ་དུ་མར་གཟིགས་ཏེ། དེ་ཡང་རྗེ་ཉིད་ཁྲོ་བོའི་རྒྱལ་པོ་གཙོ་མཆོག་མཁའ་འགྱིང་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་རྣམས་མ་འདྲེས་པར་དངོས་སུ་ཡིན་སྣང་ཤར་བ་དང་། སྐབས་འགའ་ལ། ཡི་དམ་གཙོ་མཆོག་དང་། མ་ཅིག་ལྷ་མོ་སྲིད་རྒྱལ་གཉིས་གོང་འོག་བརྩེགས་མར་རྒྱན་ཆ་ཡོངས་སུ་རྫོགས་པ་སྣང་བའི་ཡུལ་དུ་གསལ་ལ་འཛིན་མེད་འོད་ཀྱི་སྐུ་རུ་ཁྲ་ལམ་མེར་ཤར་བར་བྱུང་། ཉམས་དང་རྨི་ལམ་ལའང་། བུད་མེད་མཛེས་མ་མང་པོས་བཀུར་བསྟི་དང་གྲོགས་སུ་སྦྱོར་བ་དང་། རྔ་གཤང་གི་རང་སྒྲ་ཀུན་གྱིས་ཐོས་པར་སྒྲོག་པ་དང་། གཏོར་མ་ལ་བདུད་རྩིའི་ཟིལ་ཐིག་བབ་པ་དང་། སྒྲུབ་རྫས་གཏའ་ཆེན་ནམ་མཁའ་ལ་འཕྱུར་བ་དང་། མ་སྲིང་མཁའ་འགྲོས་ལེགས་ཉེས་ཀྱི་ལུང་སྟོན་པ་དང་། གུ་གུལ་གྱི་དུད་པ་ལྟ་བུ་དྲི་བཟང་པོས་ཕྱོགས་མཚམས་ཕྱི་ནང་ཐམས་ཅད་ཁྱབ་པ་སོགས། མ་མོ་འགྲུབ་པར་ངེས་པའི་རྟགས་དུ་མར་སྣང་བ་ཡིན་པར་གསུངས། དེ་ནས་རྗེ་དམ་པ་ཉིད་ཀྱིས་ཤིང་མོ་ལུག་གི་ལོ་ཡི་སྟོན་ཐོག་དེར། རྒྱལ་བའི་བཀའ་བརྟེན་ཆེན་མོ་ཡོངས་རྫོགས་བྲིས་རྒྱང་ད་བྲག་དམར་པོའི་རི་ཁྲོད་བཀའ་སྟེགས་གསང་བ་བདེ་ལྡན་རི་ཁྲོད་ནས། སྤ་དགོན་གཡུང་དྲུང་རབ་བརྟན་གླིང་དུ་སྤྱན་དྲངས་ཤིང་རབ་གནས་བཀྲ་ཤིས་སྨོན་ལམ་གྱིས་གཞི་བརྟན་པར་མཛད། དེ་ནས་མཚམས་ཤིག་ཏུ་འགོ་བ་གྲྭ་བསྟན་འཛིན་ཉི་རྒྱལ་གྱིས་རྗེ་དམ་པ་ཉིད་ལ་སྤུ་རྒྱལ་གནས་མཆོག་གངས་བཟང་དུ་འབྱོན་ནས། མ་འོངས་ལམ་སྲོལ་ཟབ་རྒྱས་སུ་གཏོད་ཅིང་ཀུན་ལའང་དགེ་བསྐུལ་གནང་དགོས་པའི་གསོལ་འདེབས་རེ་མོས་ནན་ཏན་དུ་ཕུལ་བ་བཞིན། སྤ་དགོན་གཡུང་དྲུང་རབ་བརྟན་གླིང་དུ་ཞབས་ཀྱིས་བཅགས་ཤིང་ཡུལ་སྡེ་སྤྱི་ལ་སྤྱི་སྤུངས་ཁྲོི་བོའི་སྒྲུབ་ཆེན་གྱི་བཀའ་དབང་ཟབ་རྒྱས་བསྐོར་ཞིང་། གནས་མཆོག་སྤུ་རྒྱལ་གངས་བཟང་གི་ཕན་ཡོན་རྣམས་རྒྱས་པར་སྐལ་ལྡན་འགྲོ་མང་གི་གསོས་སུ་ལེགས་པར་གདམས། བསྐོར་བ་ཁས་ལེན་ཅི་ནུས་སུ་དགེ་བསྐུལ་རྒྱ་ཆེར་བཀའ་དྲིན་བསྐྱངས། དེ་ནས་རྗེ་དམ་པ་ཉིད་དད་སློབ་འབངས་འཁོར་སུམ་བརྒྱ་ལྷག་ཙམ་དང་བཅས་ཏེ། སྟོན་འཁོར་ལྷན་རྒྱས་གནས་མཆོག་སྤུ་རྒྱལ་གངས་བཟང་མཇལ་བསྐོར་དུ་ཕེབས་ཤིང་། སྤྲུལ་པའི་གཏེར་སྟོན་ཨོ་རྒྱན་བདེ་ཆེན་གླིང་པའི་གསང་ལུང་ལྟར་དུ་ལམ་སྲོལ་གཏད། གནས་ཀྱི་སྒོ་བཞིར་དགོངས་འདུས་དང་ཡབ་སྲས་ཀྱི་ཚོགས་བརྒྱ་རེ་དང་སྣང་སྒྲོན་བཅས་ཕུལ། དེ་ནས་ག་རེའི་གཡུ་མཚོ་ཁ་བྱ་བར་སླེབས་ཚེ་སྔོན་དུ། ཆུ་ཆུང་ཞིག་ཡོད་པ་དེ་རྒྱས་ནས་མཚོ་འཕྱུར་བ་སོགས་དགེ་བའི་མཚན་རྟགས་བཟང་པོ་དུ་མ་བྱུང་། རྗེ་དམ་པ་ཉིད་ཀྱི་ཉམས་སྣང་ལའང་གནས་ཆེན་པོ་སྤུ་རྒྱལ་གངས་བཟང་དེ་ཉིད་འཇའ་དང་འོད་ཟེར་རབ་ཏུ་འཁྲིགས་པའི་གཞལ་ཡས་ཆེན་པོའི་དབུས་སུ། སྒྲུབ་པ་བཀའ་ཆེན་བརྒྱད་ཀྱི་ལྷ་ཚོགས་ཚོམ་བུ་རྟེན་བརྟེན་པ་དང་བཅས་པ་ཐམས་ཅད་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་མ་འདྲེས་པར་གསལ་བའི་མཐའ་སྐོར་དུ། རིག་འཛིན་མཁའ་འགྲོ་བོན་སྐྱོང་གཏེར་བདག་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་བར་སྣང་བའི་ཡུལ་དུ་གསལ་ལམ་མེར་ཡུན་རིང་དུ་གཟིགས། ཡང་གནས་ཀྱི་སྲུང་མ་ཡིན་ཟེར་བའི་མི་དཀར་དར་གྱི་ལ་ཐོད་ཅན། མདུང་དར་དཀར་པོ་གྲུ་མོར་གཟར་ཞིང་། སྟག་རལ་གཟིག་ཤུབ་རལ་གྲི་གློ་ལ་བཏགས་པ། རྟ་དཀར་པོ་གཡུ་ཡི་རྔོག་མ་ཅན་ལ་རིན་པོ་ཆེ་རྒྱན་ཆ་སྣ་ཚོགས་ཀྱི་སྤྲས་ཏེ་ཆིབས་ཤིང་། འཁོར་སྐྱེས་བུ་མི་འདྲ་བ་གྲངས་མེད་ཀྱིས་བསྐོར་ནས་རྗེ་ཉིད་ལ་དགྱེས་པའི་ཚུལ་བསྟན་ཏེ། བསྟན་པ་སྐྱོང་ཤིང་སྡོང་གྲོགས་བྱེད་ལ་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པར་ངེས་པའི་ཉམས་ལྟས་ཤར། དེ་སྐབས་སུ་གནས་ཀྱི་ཡོན་ཏན་ལ་མི་ཕྱེད་དད་པའི་ངེས་ཤེས་འཁྲུངས་པས་ཉེ་བར་གཡུང་དྲུང་བསྟན་པའི་རྩ་གྲོགས་བཱེ་ཧུ་ནོར་བུ་དབང་རྒྱལ་མཆོག་ནས། བཀྲ་ཤིས་པའི་ལྷ་རྫས་དྲི་མ་མེད་པས་མཚམས་སྦྱར་ཞིང་བཀའ་ཡིས་བསྐུལ་བ་ལ་བརྟེན། གནས་མཆོག་སྤུ་རྒྱལ་གངས་ཆེན་གྱི་གསོལ་འདེབས་བསམ་པ་མྱུར་འགྲུབ་ཅེས་བྱ་བ་ལྗགས་རྩོམ་ཡང་གནང་ངོ་། དེ་ནས་སྙིགས་དུས་བསྐལ་ཁུག་གསོ་བའི་དཔའ་བོ་ཆེན་པོ་རྒྱལ་སྲས་རིག་འཛིན་ཚེ་དབང་འགྱུར་མེད་བསྟན་པའི་རྒྱལ་མཚན་མཆོག་གི་དྲུང་ནས། ཟབ་མོ་སྔགས་ཀྱི་བོན་སྡེ་མང་པོའི་དབང་ལུང་འཆད་ཁྲིད་བཅས་ལེགས་པར་གསན། དེ་ནས་རྒྱལ་སྲས་མཆོག་གིས་ཀྱང་སྙིགས་དུས་ཀྱི་རྒུད་པ་སེལ་བའི་གསོས་སུ། སྤ་དགོན་གཡུང་དྲུང་རབ་གླིང་དུ་སྐུ་གསུམ་དགོངས་པ་འདུས་པ་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་རྒྱུན་གཟུག་དགོས་པར་བཀའ་ལུང་སྤྱི་བོར་ཕེབས་པ་ལྟར། རྒྱལ་སྲས་ཚེ་དབང་འགྱུར་མེད་མཆོག་དབུ་བཞུགས་ཐོག་རྗེ་དམ་པ་ཉིད་ཀྱིས་ཆུ་མོ་ལུག་གི་ལོ་དེར། རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་ཟབ་རྒྱས་བདུན་ཕྲག་གཉིས་རིང་ཚོགས་ཤིང་། མ་འོངས་རྒྱུན་གཟུག་གི་སྲོལ་བཟང་ཡང་ལེགས་པར་བཙུགས་གནང་བ་ནས་ད་ལྟའི་བར་ལོ་རེའི་དཔྱིད་ཀ་སྤྲེལ་ཟླའི་ཚེས་གཅིག་ཉིན་གཏོར་བཟོ་མར་རྒྱན་སོགས་ལེགས་པར་གཤམ་དར་བྱེད་ཅིང་ཚེས་གཉིས་ཉིན་སྒྲུབ་ཆེན་གྱི་དབུ་བཟུང་བ་ནས་ཚེས་བཅུ་དྲུག་བར་ཟབ་རྒྱས་ངང་འཚོགས་ཏེ་བཅོ་ལྔ་ལ་ལྷ་སྡེ་མངའ་འབངས་རྣམས་ལ་དབང་དང་འཆི་མེད་དམ་རྫས་བཅས་སྐལ་བཟང་ལོངས་སྤྱོད་ཀྱི་དཔལ་དུ་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ་ཞིང་། ཚེས་བཅུ་དྲུག་གང་བོར་སྒྲུབ་པ་ཆེན་པོའི་གཏང་རག་གི་ཚུལ་དུ་གཤེན་གྱི་གར་འཆམ་གྱི་མཛད་སྒོ་རྒྱ་ཆེན་པོ་སྤེལ་ཏེ་དད་ལྡན་ལྷ་སྡེ་འབངས་མི་དང་ཕྱོགས་གང་ས་ནས་ཡོང་བའི་སྐུ་མགྲོན་རྣམས་ལ་དགའ་བའི་དཔལ་དང་དད་པའི་གསོས་སུ་སྨིན་པར་བགྱིས་དང་བགྱིད་མུས་སུ་མཆིས་སོ། སྒྲུབ་པ་ཆེན་པོ་དེ་ཡི་བདུད་རྩི་ར་ས་ཡ་ན་མྱོང་གྲོལ་སྨན་སྒྲུབ་ཀྱི་དཀར་ཆག་ནི་འདིར།        ཞིབ་པར་བཀོད་ཀྱིས་མི་ལོང་བས་གཟིགས་པར་འདོད་ཚེ་རྗེ་དམ་པ་ཉིད་ཀྱི་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བའི་ཤོག་གྲངས་༼༣༩༠༽ལ་གཟིགས་པར་བྱོས། ཡང་ལོ་དེར་ཧོར་རྒྱལ་བཱེ་ཧུ་ནོར་བུ་དབང་རྒྱལ་མཆོག་གིས་བསྐལ་བ་དུས་ཀྱི་བདེ་སྡུག་སྤྱི་དང་བྱེ་བྲག་ཀུན།       ཇི་ལྟར་འབྱུང་བའི་རྟགས་ལུང་ཞིག་བསྩལ་དགོས་པར་ནན་ཏན་ཕུར་ཚུགས་སུ་བསྐུལ་བས། རྗེ་དམ་པ་ཉིད་ཀྱིས་དེ་དོན་ལྟར་༼ནེ་ཙོའི་མགྲིན་གླུ་སེམས་དཔའ་སུརྱཱ་ཁ་རིའི་འཁྲུལ་གཏམ་༽ཞེས་བྱ་བ་ཞིག་ཐུགས་ཀྱི་གསང་མཛོད་ནས་བརྡོལ་ཏེ་བསྟན་འགྲོའི་དོན་དུ་ཡི་གེའི་གཟུགས་སུ་སྤེལ་བའོ། གཟིགས་པར་འདོད་ན་རྣམ་ཐར་རྒྱས་པ་ནོར་བུའི་ཕྲེང་བའི་ཤོག་གྲངས་༼༤༠༥༽ལ་གསལ། ཡང་ཆུ་མོ་ཡོས་ཀྱི་ལོ་དེར་རྗེ་དམ་པ་ཉིད་ཀྱིས་དད་ལྡན་བསྟན་སྦྱིན་ཕོ་མོ་རྣམས་ནས་དངོས་འབྱོར་མཆོད་པ་ཇི་སྙེད་ཕུལ་བ་རྣམས་ནི། རྣམ་རྒྱལ་གཏོར་མའི་སྨོན་ལམ་ལས། ཟང་ཟིང་འབྱོར་བ་ཅི་མཆིས་པ། ཆུད་མི་ཟོས་དང་ལུས་གསོ་དང་། ཞིང་དག་བསམ་པ་དག་པ་ཡིས། མི་ཆགས་ཡོངས་སུ་གཏོང་བར་ཤོག ཅེས་གསུངས་པ་ལྟར་དེ་དག་ཀུན་ཆུད་མི་ཟ་བར་ཞིང་དག་གནས་སུ་ཚོགས་བསགས་སུ་འགྲོ་བ་དང་། ཁྱད་པར་དུ་ཕྱོགས་མེད་ཀྱི་བསྟན་པ་སྤྱི་དང་ཡང་ཁྱད་གཤེན་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། འགྲོ་རྣམས་དལ་རྟེན་དོན་ཡོད་ཚོགས་བསགས་ཕྱག་བསྐོར་མཆོད་འབུལ་གྱི་རྟེན་དུ་ཡོང་པའི་ཆེད་དང་། ཡང་སྟོན་པའི་ཞལ་ནས། སྐུ་གདུང་ཡོན་ཏན་གྲངས་ཀྱིས་བརྗོད་མི་ནུས། དེ་བཞིན་དོན་དང་ཡོན་ཏན་མཐའ་ཡས་པས།། ཕྱི་རབས་རྗེས་འབྲེང་གང་ཟག་རིགས་ཀྱི་བུ།། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་འདོད་ན། བདེར་གཤེགས་སྐུ་གདུང་གཞལ་ཡས་བཞེངས་པར་འཚལ། ཞེས་པ་གཤེན་ཞལ་གཙང་མའི་བོན་ལ་མི་ཕྱེད་པའི་དད་མོས་རབ་ཏུ་འཁྲུངས་པའི་ཐུགས་བསྐྱེད་རྣམ་པར་དག་པའི་གཞི་བརླིང་བར་བྱས། སྟོན་པའི་ཞལ་ནས། ཀློང་ལས་སྤྲུལ་པའི་མཆོད་རྟེན་ནི། རིས་སུ་བྲིས་དང་འབུར་དུ་བཏོད། ལུགས་སུ་བླུགས་ལས་བྱུང་བ་དེ། ཞེས་གསུངས་པ་ལྟར་སྐུ་གསུམ་གྱི་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་ལས། སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ་དེ་ལའང་ནང་གསེས་བརྒྱད་དུ་དབྱེ་བའི། འདུས་བྱས་གཟུགས་བརྙན་མཆོད་རྟེན་གྱི་ཁོངས་སུ་གཏོགས་པ། སྐུ་གདུང་མཆོད་རྟེན་རིན་པོ་ཆེ་གཡུང་དྲུང་བཀོད་ལེགས་དང་། བདུད་འདུལ་སྒྲ་སྒྲོག རྣམ་རྒྱལ་མཆོད་རྟེན་གསུམ་ནི། རྒྱུ་རིན་ཆེན་གསེར་ཟངས་ལས་གོང་སྨོས་ལྟར་དགོས་ཆེད་ཆེན་པོ་དེ་དག་གི་སླད་དུ་ལེགས་པར་བཞེངས་སུ་གསོལ་ཞིང་། ཁྲི་ལ་བཀོད་དེ་རབ་གནས་མངའ་གསོལ་ཤིས་བརྗོད་ཀྱིས་མཐར་བརྒྱན་ཏེ་གཞི་ཡོངས་སུ་བརྟན་པར་མཛད་དོ

།།རྒྱལ་བའི་མཁྱེན་བརྩེ་དགོས་འབྱུང་རིན་ཆེན་གཏེར།།

།།མ་རིག་རྨོངས་པས་འཁོར་མཚོའི་ཕག་དེ་རུ།།

།།ཐུན་མོང་མངོན་གྱུར་སྤྱད་བྱའི་སྐལ་དབེན་ཡང་།།

།།ཨེ་མ་ཐུགས་རྟེན་ཚོགས་གསོག་ཐབས་སུ་བསྐྲུན།།

 

 སྐུ་གདུང་རིན་པོ་ཆེ་དེ་དག་གི་ཆགས་ཚད་ཀྱི་བཀོད་པ་དང་ནང་རྟེན་གཟུངས་གཞུག་ཆེས་རིན་བྲལ་གྱི་རྟེན་རྫས་བྱིན་ཅན་ཕུན་སུམ་ཚོགས་པ་ཞིག་བཞུགས་པར་མངོན། དེས་ན་གང་གི་མཛད་རྗེས་ལ་ཡི་རང་དང་རྗེས་དྲན། འུ་ཅག་རྗེས་འཇུག་བློ་གསར་བ་དང་འབྱོར་ལྡན་བ་རྣམས་ཀྱིས་མཆོད་སྦྱིན་དོན་ཡོད་དུ་བྱ་ཕྱིར། མིག་ལྟོས་བཟང་པོའི་དཔེ་རུ་འདིར་འགོད་ཚེ་དགེ་མཚན་འཕེལ་བའི་རྒྱུ་རུ་མཐོང་། དེ་ཡང་རྗེ་དམ་པ་ཉིད་ཀྱི་རྣམ་ཐར་ནོར་བུའི་ཕྲེང་བའི་ཤོག་གྲངས་༼༤༤༥༽ལས། དེ་ལའང་ཕྱིའི་རྒྱུ་ནི་རིན་པོ་ཆེ་ལས་གྲུབ་པ། གསུམ་ཀ་ཕྱོགས་བཞིའི་ལོག་རེ་ལ་ཕོ་འདོམ་གང་རེ། དཔངས་སུ་རྨིང་ནས་ཏོག་གི་བར་དུ་རྒྱང་མཐོ་བཅུ་བདུན་དང་ལྡན་པ། དེ་ལ་ཆགས་ཚད་སོགས་ནི་རྒྱལ་བ་གོང་མ་རྣམས་ཀྱིས་གསུངས་པ་ལྟར་བྱས་ཏེ། འཁོར་བ་མྱ་ངན་དུ་ལ་ཟླ་ཕྱིར་མས་ནས་ཡར་རིམ་བཞིན་བཞེངས་ཏེ། དེ་ལ་གཟུངས་གཞུག་འབུལ་ཚུལ་དང་། འཇིག་རྟེན་ལྷ་དང་བོན་ལ་སྦྱར་ནས་རིམ་པར་བསྒྲགས་ཏེ་བཤད་པ་ལས། དང་པོ་ཁྲི་རྨིང་དུ་བསྟན་འགྲོ་སྤྱི་ལ་གནོད་པའི་དུག་གསུམ་རང་གཟུགས་ཀྱི་མནན་པ་ལ། མཚོན་ཆ་སྣ་ཚོགས་ཀྱིས་བསྐོར་བའོ། འཇིག་རྟེན་ལྟར་ན་ཨེ་དབྱིངས་མུ་ལའི་དཀྱིལ་འཁོར། ལྷ་ལྟར་ན་ནམ་མཁའི་ལྷ་མོ། བོན་ལྟར་ན་མཆོད་རྟེན་གྱི་རྒྱུད་ལས་བཤད་པ་ལྟར། རྨིང་གཞི་མི་འགྱུར་གཡུང་དྲུང་མཁའ་ཀློང་ཡངས། ཞེས་པའོ། དེའི་སྟེང་ཁྲི་འཕང་དང་པོར། ཡང་སྙིང་འདུས་འཛབ། རྨིང་གཞི་བྱིན་རླབས་ཀྱི་སྔགས་གཞི་བརྟན་པའི་སྙིང་པོ་བཀྲ་ཤིས། རྫོགས་ཆེན་ཡངས་རྩེ་ནས་བྱུང་བ་ལྟར་དམྱལ་བ་སྦྱོང་འདྲེན་གྱི་སྙིང་པོ་ཚིག་བཤད་སོགས་བཞུགས། འཇིག་རྟེན་ལྟར་ན་འཕོ་འདེགས་དྲོད་འབེབས་སོགས་རླུང་གི་དཀྱིལ་འཁོར། ལྷ་ལྟར་ན་རླུང་གི་ལྷ་མོ། བོན་ལྟར་ན་འདེགས་བྱེད་ཁྲི་འཕང་དང་པོས་སྒྲིབ་པ་སེལ། ཞེས་པའོ། དེའི་སྟེང་ཁྲི་འཕང་གཉིས་པར་ཡི་དྭགས་སྦྱོང་འདྲེན་གྱི་སྙིང་པོ་ཚིག་བཤད། འཇིག་རྟེན་ལྟར་ན་མེ་ཡི་དཀྱིལ་འཁོར། ལྷ་ལྟར་ན་མེ་ཡི་ལྷ་མོ། བོན་ལྟར་ན་འདེགས་བྱེད་ཁྲི་འཕང་གཉིས་པས་མུན་ནག་འཇོམས། ཞེས་པའོ། གསུམ་པ། བྱོལ་སོང་སྦྱོང་འདྲེན་གྱི་སྙིང་པོ་ཚིག་བཤད། འཇིག་རྟེན་ལྟར་ན་ཆུའི་དཀྱིལ་འཁོར། ལྷ་ལྟར་ན་ཆུའི་ལྷ་མོ། བོན་ལྟར་ན་འདེགས་བྱེད་ཁྲི་འཕང་གསུམ་པས་བག་ཆགས་བཀྲུ། ཞེས་པའོ། བཞི་པ།  མཐོ་རིས་གསུམ་སྦྱོང་འདྲེན་གྱི་སྙིང་པོ་ཚིག་བཤད་དང་། སྟོད་ཆར་ཡུམ་བཞིར་བྱིན་རླབས་ཀྱི་སྙིང་པོ་སྨན་འཛབ་ཁོལ་བུ་ཆུང་དང་སྨན་ལྔ་སྤོས་ལྔ་དྲི་བཟང་སྣ་ཚོགས་ཀྱིས་བཀང་བའོ། འཇིག་རྟེན་ལྟར་ན། ས་ཡི་དཀྱིལ་འཁོར། ལྷ་ལྟར་ན། ས་ཡི་ལྷ་མོ། བོན་ལྟར་ན། སྐྱེད་བྱེད་ཁྲི་འཕང་བཞི་པ་ཀུན་གྱི་གཞི། ཞེས་པའོ། དེ་སྟེང་རི་རབ་ སྨད་ཆར་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་རྒྱས་པ་ཁ་སྦྱོར་རྫས་དང་བཅས་པ། རྣམ་རྒྱལ་བུམ་པ་ཚད་ལྡན་དགུ། རིན་ཆེན་འབྲུ་སྣ། སྨན་སྤོས། དར་ཟབ། གཡང་རྫས། ཟས་སྣ། ༼རྟགས་བརྒྱད་ནོར་བདུན་སོགས་ཀྱི་འཁོར་ལོ་རྫས་དང་བཅས་པ།༽འདི་གང་ནས་ཆད་པ་གསལ་པོ་ཤེས་ཀྱི་མི་འདུག གནས་བྱིན་ཅན་གྱི་ས་སྣ་རྡོ་སྣ་སོགས་འཚོགས་ཚད་གཡང་སྒྱེ་རུ་བླུགས་ནས་བཞག སྲོག་ཤིང་ལ་གནོད་སྦྱིན་གྱི་སྙིང་པོ་དང་། སྟོད་ཆར་གསེར་པ་བྱུང་ལ། སྐྱེད་པ་ཀུན་འབྱུང་དང་། རི་རབ་སྐུ་ལྔ་བྱིན་གྱིས་རླབས་པའི་སྙིང་པོ། བོན་སྐྱོང་ཐམས་ཅད་ཀྱི་འབོད་སྔགས་གཟུངས་འདོད་གསོལ་དང་བཅས་པ། ཕྱོགས་མཚམས་སུ་མགོན་ཆེན་བརྒྱད་གཙོ་འཁོར་གྱི་གཟུངས་དང་འདོད་གསོལ་བཅས་པ། འཇིག་རྟེན་ལྟར་ན་རིནཆེན་རི་རབ། ལྷ་ལྟར་ན་རྒྱལ་ཆེན་ཡབ་ཡུམ་བཞི། བོན་ལྟར་ན། གསེར་གྱི་རི་རབ་རིན་ཆེན་འོད་དུ་འབར། ཞེས་པའོ། དེ་ཡི་སྟེང་གདོང་ཆེན་སྨད་དུ། མཆོད་པ་སྣ་ལྔ་དངུལ་སྟོང་ར་གན་གྱི་ཏིང་བུར་སྒྲིག་པ་ཕྱོགས་བཞི་དབུས་ལྔར་བཤམས། དེར་འཇིག་རྟེན་འདས་མ་འདས་ཀྱི་ས་མཚམས་ཡིན་པ་མཆོད་རྟེན་སྨོན་ལམ་དུ་གསལ་ལོ། དེའི་སྟེང་བང་རིམ་དང་པོར་དགེ་བཅུ་བྱིན་གྱིས་རླབས་པའི་སྙིང་པོ། འཇིག་རྟེན་ལྟར་ན་རི་རབ་ཁོང་སེང་གི་བང་རིམ་རིམ་པ་ལྟར་མཚུངས་ཤིང་། ལྷ་ལྟར་ན་ཀླུ་ཆེན་བརྒྱད། བོན་ལྟར་ན། དགེ་བཅུ་རྣམ་དག་བང་རིམ་དང་པོ་བདེ། ཞེས་པའོ། གཉིས་པར་དྲན་པ་ཉེར་བཞི་བྱིན་གྱིས་རླབས་པའི་སྙིང་པོ། འཇིག་རྟེན་གོང་ལས་ཤེས། ལྷ་ལྟར་ན་ལྷ་ཆེན་བརྒྱད། བོན་ལྟར་ན། དྲན་རིག་འདུལ་ཁྲིམས་བང་རིམ་གཉིས་པ་དྲན། ཞེས་པའོ། གསུམ་པ། རྫུ་འཕྲུལ་རྐང་བཞིར་བྱིན་རླབས་ཀྱི་སྙིང་པོ། ལྷ་ལྟར་ན་ཕྱོགས་སྐྱོངས་བཅུ། བོན་ལྟར་ན། སྣང་མེད་རྫུ་འཕྲུལ་བང་རིམ་གསུམ་པ་མཐོ། ཞེས་པའོ། བཞི་པ། ཤེར་བཅུར་བྱིན་གྱིས་རླབས་པའི་སྙིང་པོ། ལྷ་ལྟར་ན་དབང་གི་ལྷ་མོ་བཅུ། བོན་ལྟར་ན། ཤེས་བཅུ་རྣམ་གྲོལ་བང་རིམ་བཞི་པ་རྒྱས། ཞེས་པའོ། དེ་བཞི་ལ་འབྲུ་ལྔ། གསལ་བ་དགུ་འཛབ་ལྷུན་གྲུབ་ཕྲིན་ལས་ཀྱི་གཟུངས། ཀློང་རྒྱས་སྙིང་པོ། ལྟུང་བཤགས་ཀྱི་མདོ། ཕྱོགས་བཞིར་ཁྲོ་ཆེན་རུ་བཞིའི་གཟུངས་བཀྲ་ཤིས་དང་བཅས་པ། མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་སྦྱོངས་རྒྱུད་དཀྱིལ་འཁོར་བཞི་ཡི་གླེགས་བམ་བཅས་བཞུགས་སོ། དེ་ཡི་སྟེང་མགུར་ཆུར། རྒྱུ་འབྲས་བོན་ཉིད་དང་། བུམ་རྟེན་ཏིང་འཛིན་ཡན་ལག་བྱིན་གྱིས་རླབས་པའི་སྙིང་པོ། ཨཱོྃ་འཛབ་དགུ་སྐོར་སྙིང་པོ་ལྔ་བཅས། འཇིག་རྟེན་ལྟར་གསས་མཁར་གཏིང་རྫོགས་ཀྱི་ལྕགས་རི། ལྷ་ལྟར་ན་ཡེ་ཤེས་བརྒྱད་ཅུ། བོན་ལྟར་ན། བསམ་གཏན་ཏིང་འཛིན་མགུལ་ཆུ་བྱམས་སྙོམས་ལྡན། ཞེས་པའོ། དེའི་གོང་བུམ་ཆུར། ཤམ་དུ་ལེགས་འབྱུང་ཡོན་ཏན་གྱི་གཟུངས། ཕྱི་རྒྱུད་མདོ་འབུམ་གྱི་གཟུངས་དང་འདོད་གསོལ། སེང་གསས་རྣམ་གཉིས་ཀྱི་གཟུངས་བཀྲ་ཤིས་དང་བཅས་པ། ཤར་དུ་གཡུང་དྲུང་གསང་གཟུངས། བྱང་དུ་བདུད་རྩི་སྨན་གཟུངས། ནུབ་ཏུ་མ་རྒྱུད་དབང་གཟུངས། ལྷོ་རུ་འཆི་མེད་ཚེ་གཟུངས། དེའི་གོང་སྲུང་སྔགས་གོ་ཆ་བཙན་རྫོངས། བུམ་དཀྱིལ་རིན་ཆེན་ལྔ། འཁྲུལ་མེད་ཐུགས་གཟུངས། ཨ་འཛབ་དྲུག་འགྱུར། དབྱིངས་ཆེན་བྱིན་རླབས་ཀྱི་སྙིང་པོ། རྣམ་རྒྱལ་བསྙེན་སྒྲུབ་འཛབ་གཟུངས་ཡོངས་རྫོགས། ཤར་དུ་སྲས་རྒྱུད་འདུལ་བ་ཐུགས་ཉིད་ཞི་གཟུངས། བྱང་དུ་གསང་མཆོག་གི་རྒྱུད་པ་དང་ངོ་མཚར་རྒྱས་གཟུངས། ནུབ་དུ་ཤེར་ཕྱིན་འབུམ་རྒྱུད་དང་བྱིན་རླབས་དབང་གཟུངས། ལྷོ་རུ་སྤྱི་སྤུངས་ཕ་རྒྱུད་དང་མཐུ་སྟོབས་དྲག་གཟུངས། སྟེང་དུ་བླ་མེད་རྫོགས་ཆེན་རྒྱུད་དང་བླ་མ་རིག་འཛིན་གཟུངས་རྣམས། དར་རང་མདོག་གིས་དྲིལ་ནས་བཞུགས། འཇིག་རྟེན་ལྟར་ན་རྣམ་རྒྱལ་ཁང་བཟང་། ལྷ་ལྟར་ན་དབྱིངས་ཀྱི་ལྷ་མོ་བཅུ་དྲུག བོན་ལྟར་ན། མཁའ་ཡངས་དབྱིངས་ཆེན་བུམ་པ་ཀུན་ཏུ་ཟླུམ། ཞེས་པའོ། དེ་ཡི་གོང་བྲེར། གཤེན་རབ་ལམ་བཞིར་བྱིན་གྱིས་རླབས་པའི་སྙིང་པོ། འགགས་མེད་གསུང་སྙིང་། ངན་སོང་སྒོ་གཅོད་འབྲུག་གསས་རྣམ་གཉིས་ཀྱི་གཟུངས། དབྱངས་གསལ་ཡི་གེ་སྒྲ་ཡི་འཛབ་རིང་ཉུངས་ནག་བཅས། འཇིག་རྟེན་ལྟར་ན། རི་རབ་ཀྱི་སྟོད། ལྷ་ལྟར་ན་གཅོད་སྦྱོངས་ལྷ་བཞི། བོན་ལྟར་ན། གཤེན་ལམ་བདེ་ལྡན་གྲུ་བཞི་ཀུན་ཏུ་བདེ། ཞེས་པའོ། དེའི་གོང་སྲོག་ཤིང་དུ་ཐར་ལམ་བརྒྱད་ཀྱི་འཛབ་དང་འབྲུ་ལྔ་བཅས། འཇིག་རྟེན་ལྟར་ན། དཔག་བསམ་ལྗོན་ཤིང་ངམ་ཁ་ལེ་སྟོང་འབྱམས། ལྷ་ལྟར་ན། ཡེ་གཤེན་བརྒྱད། བོན་ལྟར་ན། ཐར་ལམ་འཇིགས་མེད་སྲོག་ཤིང་གཞུང་ཤིང་དྲང་། ཞེས་པའོ། དེའི་གོང་འཁོར་ལོ། དགོངས་རྒྱུད་ མཛོད་རྒྱུད་ སྟོབས་བཅུ་གསུམ་ བྱིན་རླབས་ཀྱི་སྙིང་པོ། ཁྲོ་བོའི་བསྭོ་འཛབ་ཉུངས་དཀར་བཅས། འཇིག་རྟེན་ལྟར་ན། ནམ་མཁར་སྤྲིན་ཆགས་པ། ལྷ་ལྟར་ན། སྲིད་པའི་ལྷ་མོ་བཅུ་གཉིས། ཁྲི་རྒྱལ་ཁུག་པ་དང་བཅུ་གསུམ། བོན་ལྟར་ན། མི་འཇིགས་འཁོར་ལོ་བཅུ་གསུམ་སྒྲིབ་སྤངས་མཐོ། ཞེས་པའོ། དེའི་གོང་ཆར་ཁེབས་སུ། འགྱུར་མེད་སྐུ་ཡི་སྙིང་པོ། དབང་ཆེན་སྤྱི་འཛབ། ཐུགས་ཆེན་བཞིར་བྱིན་རླབས་ཀྱི་སྙིང་པོ།   སྐུ་གཟུགས་ཀྱི་གཟུངས། ཁྱུང་གསས་ཀྱི་གཟུངས་འཕན་གདུགས་བཅས། འཇིག་རྟེན་ལྟར་ན། འབྱུང་འཁོར་སྤྲིན་གྱི་བ་དན། ལྷ་ལྟར་ན། གསས་ཆེན་བརྒྱད་རྫུ་འཕྲུལ་ཉི་ཤུས་བསྐོར་བ། བོན་ལྟར་ན། ཐུགས་རྗེ་བསོད་སྙོམས་ཆར་ཁེབས་ཀུན་གྱི་མགོན། ཞེས་པའོ། དེ་ཡི་གོང་། ཏོག་དང་བྱ་རུ་ལ། ཐབས་ཤེས་བྱིན་རླབས་ཀྱི་སྙིང་པོ། ཐོག་མེད་ཡེ་ཤེས་བྱིན་རླབས་ཀྱི་སྙིང་པོ། བླ་ན་མེད་པ་ཡུམ་གྱི་སྙིང་པོ། ཨོ་རྒྱན་བདེ་ཆེན་གླིང་པས་དབུས་ཕུག་གསང་་ཡོངས་རྫོང་ནས་གཏེར་དུ་སྤྱན་དྲངས་པའི་དེ་བཞིན་གཤེགས་པའི་སྐུ་བལ་རིང་བསྲེལ། གསང་སྔགས་གླིང་པའི་གཏེར་བྱོན་དེ་བཞིན་གཤེགས་པའི་འཕེལ་གདུང་ལྷ་མིའི་མཆོད་སྡོང་། དབུས་ཕུག་གཏེར་བྱོན་བྲམ་ཟེ་གསལ་ཁྱབ་འོད་ལྡན་རིང་བསྲེལ་དང་ཉུངས་འབྲུ་ལྟ་བུའི་རིང་བསྲེལ། སློབ་དཔོན་གྱིམ་ཚ་རྨ་ཆུང་གི་རྣམ་རོལ་རྒྱལ་སྲས་ཚེ་དབང་བསོད་ནམས་རྒྱལ་པོའི་གདུང་ཤ་རི་རམ། འོད་ལྡན་འབར་མའི་རྣམ་འཕྲུལ་སྤ་བཟའ་ཞིག་མོའི་རིང་བསྲེལ། ཚེ་དབང་རྣམ་རོལ་སྤ་སྒོམ་ཚེ་དབང་འོད་ཟེར་གྱི་རིང་བསྲེལ། སྟོང་རྒྱུང་དང་ཚེ་དབང་རྣམ་འཕྲུལ་སྐྱེས་མཆོག་གཡུང་དྲུང་དབང་རྒྱལ་གྱི་གདུང་ཤ་རི་རམ། གྱིམ་ཚའི་སྒྱུ་འཕྲུལ་སྤ་སྟོན་ནམ་མཁའ་སྒྲོན་གསལ་གྱི་རིང་བསྲེལ་བཅས། མུ་དགོད་བྱ་རྒྱུ།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.