འདྲ་བཞག་བདུན་གྱི་མགུར་མ།
༈ཕ་དྲིན་ཅན་བླ་མ་རྣམ་གསུམ་ལ། བུ་དད་ལྡན་ང་ཡིས་གསོལ་བ་ནི།
དུས་རྟག་ཏུ་མི་འབྲལ་ཡང་ཡང་འདེབས། ཚེ་འདི་ཕྱི་བར་གསུམ་དུས་ཀུན་ཏུ།
རྒྱུ་རང་སེམས་སྔར་འཁྲུལ་ངན་གཤིས་དབང་། གནད་བརྡ་ཐབས་བླ་མས་ཡིན་ཚུལ་དུ།
དུས་ནན་ཏུ་གསུངས་ཀྱང་ཡེ་ཤེས་དབེན། དེ་སྐད་ཅིག་གསལ་སྟོང་ཟུང་འཇུག་པས།
སེམས་རོ་གཅིག་རྟོགས་པར་བྱིན་གྱིས་རློབས། ལུས་དལ་འབྱོར་མི་ལུས་ཐོབ་པའི་དུས།
ལས་སྤྱོད་བཟང་དགེ་ལ་མ་བརྩོན་ན། དོན་མེད་པ་ཁང་སྟོང་རྐུན་མ་འདྲ།
རྒྱུ་ནོར་ཟས་ཕུན་ཚོགས་འབྱོར་ལྡན་དུས། དགེ་མཆོད་སྦྱིན་ཕྱོགས་སུ་མ་ནུས་ན།
ཡིད་རྨི་ལམ་དུས་ཀྱི་ནོར་རྙེད་འདྲ། ཆུང་ན་སོ་དར་རྒྱས་སྟོབས་ལྡན་དུས།
ལུས་ངལ་མེད་ཕྱག་བསྐོར་མ་བརྩོན་ན། ལས་སླ་དུས་བྱ་བ་མ་བསྒྲུབ་འདྲ།
ཕ་བླ་མ་དམ་པ་དངོས་བཞུགས་དུས། བོན་ཕྱི་ནང་གསང་གསུམ་མ་ཞུས་ན།
མ་འོ་ཅན་བུ་ཡིས་མ་འཐུང་འདྲ། ལས་དགེ་སྡིག་རྒྱུ་འབྲས་ཤེས་དུས་སུ།
དོན་དགེ་སྒྲུབ་སྡིག་སྤངས་མ་ནུས་ན། རང་ཤེས་བཞིན་དུག་ལ་འཐུང་བ་འདྲ
། བོན་དྲང་ངེས་ཟབ་མོ་ཐོབ་དུས་སུ། ཡིད་གཞུང་བཞིན་ནན་ཏན་མ་བརྩོན་ན།
རྒྱུ་རིན་ཆེན་ལག་ནས་ཟིན་ཤོར་འདྲ། སེམས་གནས་ལུགས་སྐྱོང་ཚུལ་ཤེས་དུས་སུ།
དུས་རྒྱུན་བཞིན་འབྲལ་མེད་མ་བསྒོམ་ན། རྒྱུ་ནོར་བུ་སྨོན་ལམ་མ་ཐེབས་འདྲ།
དཔེ་འདྲ་བཞག་བདུན་གྱི་མགུར་མ་འདི། སྤྲང་ཉི་འབུམ་མིང་ཞེས་འབོད་པ་དེས།
གེབ་ཤེ་ཙུ་ཨ་ཡུ་སོགས་འགའ་ལ། དབང་ཟབ་མོ་སྐུར་སྐབས་སྦྱར་བའོ།། ཞེས་སོ།།
རྣམ་ཐར་ནོར་བུའི་ཕྲེང་བ་ལས་ཟུར་དུ་བཏོན།