ལང་ཚོའི་འདུ་ཤེས།
༧ང་མི་འགྱུར་བྲག་རི་བཞིན་དུ་བརྟན་ན། །
ཁྱོད་མི་འགྱུར་ཐང་དཀར་བཞིན་དུ་འཁོར་ཨེ་ཡོང་། །
ང་མི་འགྱུར་མཚོ་མོ་བཞིན་དུ་ཟབ་ན། །
ཁྱོད་མི་འགྱུར་གསེར་ཉ་བཞིན་དུ་འཁྱུག་ཨེ་ཡོང་། །
ང་མི་འགྱུར་མེ་ཏོག་བཞིན་དུ་བཞད་ན། །
ཁྱོད་མི་འགྱུར་གཡུང་སྦྲང་བཞིན་དུ་ལྡིང་ཨེ་ཡོང་། །
༧དེ་བཞིན་བུ་ཕོ་ཟླ་བ་ཡིས། །བརྩེ་འདང་སྙིང་གི་གསང་བར་ནས། །
སྨྲ་བའི་སྤོབས་པ་ཡོངས་བསྐྱེད་དེ། །སེམས་ནང་གི་ནི་བརྩེ་འདང་ཆེ། །
ཡོད་ཚད་སྙིང་གི་སྲུབ་ཀ་ནས། །བུ་མོ་སྒྲོལ་མའི་རྣ་བ་རུ། །
ཐད་ཀར་སྤྲིངས་བའི་བརྩེ་འཕྲིན་དེས། །བུ་མོའི་ལུས་སེམས་ཕྱི་ནང་ཀུན། །
ཞེད་མ་སྔངས་ཀྱི་ཚོར་སྣང་དེ། །བརྗོད་མི་ཤེས་པའི་དངོས་པོ་ཞིག།
མཚར་མ་སྤྲོ་ཡི་སྲེད་པ་དེ། །སྨྲ་མ་ཕོད་ཀྱི་གསང་བ་ཞིག།
ནུབ་མོ་འགའ་ཡི་གཉིད་ཐུན་ནི། །རླུང་གིས་ཁྱེར་བའི་སྨུག་སྤྲིན་བཞིན། །
བློ་བུར་བློ་བུར་ཡལ་ཏེ་ཐལ། །ཉིན་ཞིག་སྒོ་རའི་ཕྱི་ལོགས་ནས། །
ཁྲ་ཆུང་མིག་མདའ་རྣོན་པོ་དེ། །གཞོན་པ་ཟླ་བའི་ཕྱོགས་ལ་འཕངས། །
ངོ་ཚའི་ཞལ་མདངས་དམར་པོ་དེ། །བུ་ཕོ་ཟླ་བའི་ལྟད་མོར་བཤམས། །
དེ་ཡིས་མ་ཚད་གསང་བའི་གཏམ། །ཚིག་གསུམ་ལབ་གླེང་འདི་སྐད་བྱས། །
༧ཕོ་གཞོན་པ་ཟླ་བའི་མིང་ཅན་ལགས་གསོན་དང་། །
ཁྱོད་སྐྱེ་སའི་ཡུལ་གྱི་ཆགས་དབྱིབས་དེ་བཤད་ན་ཨི་ལོ། །
རིགས་ཁུངས་ཚན་གྲོལ་སའི་རུས་རྒྱུད་དེ་བཤད་ན་ཨི་ལོ། །
ཆུང་བྱིས་དུས་འཚར་ལང་བརྒྱུད་རིམ་དེ་བཤད་ན་ཨི་ལོ། །
གཏན་འདུན་མའི་བསམ་བློའི་འཁྱེར་ཕྱོགས་དེ་གསུང་ན་ཨི་ལོ། །
ཁྱོད་མི་འགྱུར་བྲག་རི་བཞིན་བརྟན་རྒྱུ་བདེན་ན། །
ང་མི་འགྱུར་ཐང་དཀར་བཞིན་འཁོར་བས་མ་ཚད། །
གཟུགས་ལང་ཚོ་ཁྱོད་དང་འབྲལ་མེད་དུ་འཁོར་ཡོང་། །
ཁྱོད་མི་འགྱུར་མཚོ་མོ་བཞིན་ཟབ་རྒྱུ་བདེན་ན། །
ང་མི་འགྱུར་གསེར་ཉ་བཞིན་འཁྱུག་རྒྱུ་མ་ཚད། །
སྐད་སྙན་མོའི་གླུ་ཆུང་ཁྱེད་ཕྱོགས་སུ་ལེན་ཡོང་། །
ཁྱོད་མི་འགྱུར་མེ་ཏོག་བཞིན་བཞད་རྒྱུ་བདེན་ན། །
ང་མི་འགྱུར་གཡུང་སྦྲང་བཞིན་འཁོར་བས་མ་ཚད། །
སེམས་བསམ་པ་ཁྱོད་ཀྱི་སྙིང་ཁང་ན་འཛུལ་ཡོང་། །
༧སྨན་ཆུང་བུ་མོ་སྒྲོལ་མས་ནི། །ངོ་ཚའི་སེང་རས་དབྲལ་དང་ལྷན། །
ཞེ་ཁོང་གཏིང་གི་ལབ་གླེང་དེ། །བུ་ཕོ་ཟླ་བའི་རྣ་བར་བལྟིམ། །
དེས་ནི་བུ་ཕོ་ཟླ་བ་ཡང་། །བརྩེ་འདང་སྨྱུ་གུ་ལྷག་བཞད་དེ། །
འགྱུར་མེད་སྙིང་གི་གསང་བ་འགའ། །བུ་མོར་བཤད་པ་འདི་ལྟ་ཏེ། །
༧མཛེས་ལྡན་བུ་མོ་སྒྲོལ་མ་ཚུར་ལ་རེ་གསོན་དང་། །
མི་ཚོགས་མང་པོའི་དཀྱིལ་ན་མཛེས་པས་ནི་མ་ཚད། །
ང་ཡི་སེམས་ནང་མཛེས་པའི་མཛེས་མ་ཞིག་རེད་དུས། །
རུས་ཀྱི་ཁུངས་ཚན་གྲོལ་ཚུལ་དྲི་བ་ཞིག་མི་བྱེད། །
ལྷད་མེད་བརྩེ་བའི་སྙིང་གཏམ་དམ་བཅའ་དེ་ཚར་ནས། །
འཐད་མིན་ལྷ་ཀླུའི་ལུང་བསྟན་རེ་སྒུག་དེ་གཡུག་ཤོག།
ཁྱོད་ཀྱིས་དྲིས་པའི་ཨ་ལན་ཁ་གསལ་ཞིག་དགོས་ན། །
རུས་ཀྱི་གྲོལ་ཁུངས་སྨུག་པོ་ལྡང་རིགས་སུ་གཏོགས་སོ། །
ཚེ་སྟོད་ལང་ཚོ་སྨིན་པའི་བརྒྱུད་རིམ་གྱི་ཁྲོད་དེར། །
མི་ཡུལ་འཚོ་བའི་བྲོ་བ་སྣ་དགུ་ཡི་གསེང་ནས། །
སྐྱིད་སྡུག་སྤེལ་མས་དར་མའི་ན་ཚོ་དེ་བསུས་ཐལ། །
༧ཟླ་བར་ཆགས་པའི་བུ་མོ་དེ། །གཡུ་སྦྲང་བསྒུག་པའི་པདྨོ་བཞིན། །
མཚར་སྡུག་བརྗོད་པ་ཚར་མེད་ཞིག།སྒྲོལ་མར་འཁོར་བའི་ཕོ་གཞོན་དེ། །
མེ་ཏོག་གླིང་གི་བུང་བ་བཞིན། །འབྲལ་མེད་རྒྱུན་དུ་འཁྱུད་པ་ཞིག།
མཛའ་བརྩེའི་དུང་སེམས་འོ་ཆུ་ཟུང་། །དབྱེར་མེད་འདྲེས་པའི་ཟངས་དཀར་དེ། །
ཅི་འདྲའི་ཡིད་དུ་འོང་བ་ཞིག།ཅི་འདྲའི་དོན་སྙིང་ལྡན་པ་ཞིག།
ཅི་འདྲའི་ངོ་མཚར་ཆེ་བ་ཞིག།ཤེས་ཡོད་བརྒྱ་ཡི་རིག་ངོ་ན། །
མི་འཐད་དགག་པའི་ཁུངས་མ་མཆིས། །ཤེས་མེད་སྟོང་གི་མིག་མདུན་ན། །
ལུགས་དང་མཐུན་པའི་འགྲོ་སྟངས་སུ། །ཡོངས་སུ་གྲུབ་འདི་ངོ་མཚར་ཕུལ། །
དེ་བཞིན་བུ་ཕོ་ཟླ་བ་དང་། །མཛེས་ལྡན་བུ་མོ་སྒྲོལ་མ་གཉིས། །
མི་ཚེ་གཅིག་གི་ལམ་བུ་རུ། །མཉམ་དུ་བསྐྱོད་རྒྱུའི་རེ་སྨོན་བྱས། །
རང་རང་སོ་སོའི་ཡབ་ཡུམ་དྲུང་། །སྙན་གསན་ཞུ་ལ་བྲེལ་བའི་ཚེ། །
ཡབ་ཡུམ་རྣམ་བཞིས་འདི་སྐད་ཟེར། །གསོན་དང་གཞོན་ནུའི་མཐུན་འཇུག་དེ། །
དགོས་པ་བརྒྱ་ཡི་དྭངས་མ་ཞིག།མི་འཐད་གླེང་སློང་ནམ་ཡང་མིན། །
དང་པོ་རུང་དང་མི་རུང་དང་། །གཉིས་པ་འཐད་དང་མི་འཐད་ཀྱི། །
ཡེ་ཤེས་ལྷ་ཡི་ལུང་ཞིག་དགོས། །ལྷ་ཡི་ལུང་དང་མ་བསྟུན་ན། །
བདེ་བ་འབྱུང་བའི་ཁུངས་མ་མཆིས། །གསུམ་པ་གནོད་པའི་འདྲེ་འདུལ་དགོས། །
གནོད་པའི་འདྲེ་སྲིན་མ་བཀར་ན། །བདེ་བའི་གོ་སྐབས་མི་རྙེད་ཚུལ། །
ཨ་བཤད་ཡང་བཤད་བྱས་པ་དེར། །སྤྱིར་འགོར་བཞད་པའི་མེ་ཏོག་བཞིན། །
མཚར་སྡུག་བརྗོད་པ་མི་ཚར་བའི། །གཞོན་ནུ་ཟུང་ནས་འདི་སྐད་ཟེར། །
༧མི་ཡི་འཚོ་བ་མི་བུའི་སྤྱོད་བྱ་རང་ཡིན་ལ། །
མི་བུའི་སྒྲིག་བཀོད་མི་ལས་མཁས་པ་ཞིག་མེད་པས། །
མི་བུ་རང་གི་འདོད་དོན་རང་ཉིད་ཀྱིས་སྒྲུབ་དགོས། །
འགྲོ་བ་སྐྱོབ་པའི་ཡེ་ཤེས་ལྷ་ཚོགས་ཀྱི་དཀྱིལ་འཁོར། །
དད་པའི་ས་བོན་རང་གི་སྙིང་དབུས་ན་གནས་ཚེ། །
ཐུགས་རྗེའི་གཟིགས་པ་འབྲལ་མེད་རང་བཞིན་གྱིས་འོང་ངོ་། །
ཐ་མལ་འགྲོ་བས་ཞུ་ལེན་བྱེད་མདོག་གི་གཏམ་འཁྱལ། །
ཉན་དགོས་མེད་དོ་དྲིན་ཆེན་ཡབ་ཡུམ་ཚོས་གསན་རོགས། །
འཚོ་བ་དངོས་ལ་གནོད་བྱེད་ཁ་གཏད་ཅིག་བྱུང་ན། །
དེ་ཉིད་གནོད་པའི་འདྲེ་རུ་བགྲང་ན་ནི་རུང་ལ། །
དེ་ཉིད་ཐབས་ཀྱིས་བསལ་བའི་དགོས་པ་ཞིག་ལོས་ཡོད། །
ལྷ་མཐོང་འདྲེ་མཐོང་ཅན་གྱི་སྤྲུལ་རྫུན་བ་ཞིག་གིས། །
བཙན་གྱིས་བཟོས་པའི་གདོན་འདྲེའི་ཐོན་རྫས་དེ་འདུལ་ཆེད། །
ཧཱུྃ་ཧཱུྃ་ཕཊཿཕཊཿ་མི་དགོས་དགོངས་པ་ཞིག་བཞེས་རོགས། །
༧དེ་སྐད་ལུགས་གཉིས་མཐུན་པའི་གཏམ། །ཡབ་ཡུམ་སྙན་གྱི་བུ་ག་རུ། །
ལེགས་པར་སྤྲད་པའི་གོ་བརྡ་དེ། །ཆོས་བཞིན་སྤྱོད་པར་མི་ཤེས་པའི། །
ཆོས་པ་ཞིག་གི་ཉམས་ལེན་གནད། །མི་བཞིན་དཔྱོད་ཤེས་མི་ལྡན་པའི། །
མི་བུ་རེ་འགའི་བླང་བྱ་ཞིག།ཇི་སྐད་བདེན་པའི་གཏམ་བརྗོད་དུ། །
བདེན་པ་རྡོ་རྗེས་བྲག་ཀྱང་ཕུག།ཤ་མོང་རློན་པས་སྤང་ཡང་ཕུག།
བཤད་བཞིན་ཀླད་རྙིང་གོག་ཏོ་བ། །གཞོན་ནུའི་ཡབ་ཡུམ་ཟུང་གཉིས་ཀྱང་། །
རྨོང་པའི་གཉིད་ལས་ཧེད་དེ་སད། །རྩེ་གཅིག་དད་གསུམ་རྒྱལ་མཚན་རྩེར། །
དཀོན་མཆོག་རྣམ་གསུམ་ལེགས་མཆོད་དེ། །ཡང་དག་ཆོས་ཀྱི་སྒོ་ཡང་རྙེད། །
མི་ཡུལ་འཚོ་བའི་དོ་ར་ནས། །རང་དབང་འཚོ་བའི་ཉིང་དོན་རྟོགས། །
དྭངས་གཙང་བརྩེ་བས་བཅིང་པ་ཡི། །གཞོན་ནུ་གཉིས་ཀྱི་མཐུན་འཇུག་ན། །
རྣམ་པར་བཀྲ་བའི་མཛེས་སྡུག་བྱིན། །དོན་དེ་གཞན་གྱིས་མིག་ལྟོས་ཤིག།
དོན་དེ་རང་གིས་འོས་པ་དངོས། །