ཁྱོད་ཀྱི་ལྷ་འདྲེ་དང་དག་ཞིང་།
གསར་པའི་རིགས་ཀུན་ཕུང་བའི་གཞི་རུ་བསྒྲགས།།
གཡམ་རྒྱུག་འདྲེ་རླུང་འཚུབས་མའི་སྟངས་སྟབས་ཅན།།
མེས་པོའི་ཐོད་གོག་བོར་བའི་དུར་ས་ན།།
ལྷ་འདྲེའི་ཁྱུ་དང་འདྲེས་ཏེ་ད་དུང་རྒྱུ།།
གདོད་མའི་གངས་ཅན་ལྗོངས་ལ་སེམས་བསྐོར་ཚེ།།
གནོད་སྦྱིན་བདུད་དང་ལྷ་ཀླུའི་དབང་བསྒྱུར་བས།།
ལྷ་བདུད་འབྲེལ་བའི་ཐ་སྙེད་བཏགས་ཚུལ་གསལ།།
ད་ལྟའི་མི་རྣམས་ལྷ་འདྲེའི་བྲན་འཁོར་ཞིག།
དེ་བཞིན་དུས་ཀྱི་འགྱུར་ཁུགས་འདི་ཡི་ཁྲོད།།
མི་རྣམས་ཤེས་རབ་རིག་པའི་རང་རྩལ་ལ།།
བརྟེན་ཏེ་རང་མགོ་རང་གིས་ཐོན་པའི་ཚེ།།
ང་ཅག་མགོ་བོ་ལྷ་འདྲེའི་འཕང་ན་ལུས།།
མགོ་བོ་ལྷ་ཀླུར་ཕུལ་བའི་རང་སྨད་དང་།།
རང་གིས་རང་ཉིད་ནམ་ཡང་གཉའ་གཅོག་འདིར།།
བསམ་གཞིག་གཏམ་ལ་འགའ་ཞིག་བློ་འཚབས་ཏེ།།
ལྷ་མེད་སྨྲ་ཞེས་ངན་ཁག་སྟོང་ཞིག་འགེལ།།
དེ་ཡིས་མ་ཚད་བྱང་ཆུབ་སྒྲུབ་པའི་ཐབས།།
ནང་ཆོས་བརླགས་པའི་ལས་ཞེས་བསྙོས་འདིང་བ།།
དེང་ན་རང་མཐོང་རང་རློམས་རང་འདོད་ཅན།།
གུ་དོག་བློ་ཅན་ཁྱུ་དང་ཁྱུ་རུ་རྒྱུ།།
དོན་དུ་མགོ་བོ་ལྷ་འདྲེར་གཏད་པ་དང་།།
ཐར་པ་བདེ་ཆེན་གླིང་དུ་བགྲོད་ཚུལ་གཉིས།།
ཁག་ཁག་སོ་སོའི་ལམ་དུ་བསྐྱོད་རྒྱུ་ཏེ།།
ཞིབ་མོའི་བློ་ཡིས་དཔྱད་ན་ཐད་ཀར་རིག།
ཐར་པ་བདེ་གླིང་བགྲོད་པའི་དམིགས་ཡུལ་དངོས།།
གང་གིས་མི་དོ་སུ་་ཡིས་མི་དགྲ་བའི།།
ཀུན་ལས་རྣམ་པར་རྒྱལ་བ་འདོད་རྒྱུ་ལས།།
རང་གིས་འདོད་ཚད་གཞན་ལ་བཅོལ་བ་མིན།།
གོལ་འཁྲུལ་ལྷ་ཀླུའི་སྒྲིག་བཀོད་ཉན་རྒྱུ་ནི།།
ནང་ཆོས་ཡིད་བཞིན་ནོར་བུའི་དགོངས་དོན་མིན།།
ལྐོག་གྱུར་ལྷ་འདྲེའི་ཁས་ལེན་སོང་ཙམ་གྱིས།།
ཐར་པའི་ལམ་བཟང་སྙེད་པའི་གྲ་སྒྲིག་མིན།།
འོན་ཏེ་འཇིག་རྟེན་ལྷ་ཀླུའི་རིགས་ཞིང་ལ།།
མཆོད་དང་བསྟོད་པ་ལུགས་བཞིན་འཐད་པ་སྟེ།།
འགྲོ་ཀུན་ཞི་མཐུན་དཔལ་ཡོན་བཞད་པས་ན།།
ཀུན་ཀྱང་བདེ་བའི་ངལ་གསོ་རྙེད་པར་འདོད།།
༢༠༡༢ལོའི་ཟླ་བ་༧ཚེས་༡༡ཉིན་སྟེང་ཆེན་དུ་བྲིས།།