སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞི་བསིལ་ཟླ་བ་དཀར་པོ།
[ 2015/9/26 17:57:00 | By: lodoe ]
 

ཞི་བསིལ་ཟླ་བ་དཀར་པོ།

བྱི་ཤོ་གར་མ།

 

ཟླ་བྲལ་མཚན་དཔེ་ཁྱུང་ཡུལ་དབུས་ནས་བཞད།།

བ་གམ་ཡོན་ཏན་བོན་གཞིས་གླིང་དུ་རྒྱས།།

བསྟན་འགྲོའི་མཛད་བཟང་གོ་ལའི་ཞིང་དུ་སྐྱོངས།།

འཛིན་སྐྱོངས་སྤེལ་བའི་ལེགས་བྱས་འབར་གྱུར་ཅིག།

 

ཁྱེད་ནི་ངའི་མདུན་ལམ་བསྟན་པའི་སྒྲོན་མེ་ཆེས་ཐོག་མ་དེ་ཡིན་ལ།ངའི་སྙིང་ཁོངས་སུ་ནམ་ཡང་བརྗེད་དུ་མེད་པའི་ཟླ་བ།གཏན་དུ་བཞུད་མི་སྲིད་པའི་ཟླ་བ།ཁྱེད་ལ་མངའ་བའི་དཀར་པོའི་རང་མདངས་དེ་ནམ་ཡང་ཉམས་མི་སྲིད།ཁྱེད་ཐོག་མར་ཞལ་འཚོ་བ་ནས་བཟུང་ཆེས་བློ་ཐག་ཉེ་བའི་ཚོར་ཤུགས་ཤིག་དྲག་ཏུ་ལྡིང་མྱོང་།ངའི་ཆུང་དུས་དྲན་སྣང་ཞིག་ལ་ཁྱེད་ནི་མི་ཚོགས་དབུས་ནས་ཆེས་སེམས་འཁྲི་ས་ཞིག་ཡིན་ལ།ད་དུང་སློབ་གྲྭའི་ཟུར་ཞིག་ནས།ཁྱེད་ཀྱིས་བཅོས་མིན་གྱི་གཤིས་བཟང་དེ་ལྷུག་པར་འཛུམ་དུས་ངའི་སེམས་ངོགས་སུ་ཡལ་མི་སྲིད་པའི་བག་ཆགས་ཟབ་མོ་མང་པོ་ཞིག་བགོས།ཁྱེད་ལ་འཁྲུངས་བའི་གཞན་གཅེས་ཀྱི་བློ་དཀར་དེས་

ངའི་བློ་སྒོ་རྦད་དེ་ཕྱེས་པ་དྲན་ཡོང་དུས།ཁྱེད་འཇིག་རྟེན་ཁམས་འདིར་འཛུམ་མུལ་ལེར་བཞུགས་བསྡད་པའི་ཚོར་སྣང་ཞིག་ཝལ་གྱིས་སྐྱེས།དེ་མུས་ལས་རླུང་བཙན་པོའི་རྒྱུ་ཕྱོགས་ཤིག་གིས་ཁྱེད་ཉིད་འཕགས་སྨན་རི་བོའི་འདབས་སུ་དེད།ཉི་ཟླ་ཟུང་གི་སྐྱབས་འོག་ནས་ཁྱེད་ལ་རིག་རྩལ་གྱི་ཤེད་ཤུགས་རྫོགས།སྨན་གྱི་རི་འདབས་དེར་གནས་བསྡུས་ལ་སོགས་ཀྱི་ངང་ཕྲུག་ཡོ་ལ་བརྩེ་གཟིགས་ཀྱིས་དྲོད་ཁོལ་སྟེར་བ།ངས་ཀྱང་དྲན་བཞིན་ཡོད་ལ་རོགས་ཚོའི་སེམས་ངོགས་སུ་ཡལ་མེད་པ་ཚོར་ཐུབ།

འཆད་རྩོད་ཀྱི་རྭ་བའི་ནང་དུ་ཁྱེད་ལ་རྣམ་དཔྱོད་ཀྱི་མེ་ཞགས་འཕྱུར་རྒྱུ་ཡོད་ལ།རྩོད་ངག་གི་ཐོག་གློག་འཁྱུག་རྒྱུ་ཡོད།བརྩོན་འགྲུས་ཀྱི་སྡེར་མོ་བགྲད་རྒྱུ་ཡོད་ཅིང་།པིར་རིས་ཀྱི་སྒྱུ་རྩལ་ངོམ་རྒྱུ་ཡོད།འཆད་ཁྲིད་ཀྱི་འབྲུག་སྟོང་ལྡིར་རྒྱུ་ཡོད་ལ།རྩོམ་རིག་གི་བང་ཁ་དཀྱུས་རྒྱུ་ཡོད་པས།ངོ་མ་རིགས་སྨྲ་བ་སྐར་ཚོགས་ལྟ་བུའི་དབུས་ནས་ཁྱེད་ནི་འབུར་དུ་ཐོན་པའི་ཟླ་བ་གཅིག་པུ་དེ་ཡིན།ད་དུང་ཁྱེད་རྒྱུད་ལ་གཏམས་པའི་སྐུ་ཡོན་དང་སྒྱུ་མའི་ཟས་ནོར་ལ་དཔེ་ཁྱུད་དང་སེར་སྣས་མ་བཅིངས་པར་གཞན་ལ་སྦྱིན་རྒྱུ་ནི་ཁྱེད་ཀྱི་གོམས་གཤིས་སུ་ཆགས་ཡོད།ཁྱེད་ལ་མངའ་བའི་ཆེས་འབུར་དུ་ཐོན་པའི་གཤིས་བཟང་ངོ་མ་དེ་མིང་དང་གོ་ས་ལ་མི་རྔམ་ཞིང་།མངོན་འདོད་ཀྱི་རྦ་རླབས་ཡེ་ནས་འཕྱུར་རྒྱུ་མེད་པར་གྲྭ་རྐྱང་ཞིག་གི་བསམ་ཚོད་ལས་མ་བརྒལ་བར།ངས་ཚིག་ཐག་ཆོད་པོས་འདི་རུ་བཤད་སྤོབས།

ད་དུང་ཁྱེད་ལ་ལྷན་སྐྱེས་སུ་གྲུབ་པའི་གོམས་གཤིས་ནི་མཐོ་དམན་བར་གསུམ་སུ་ལའང་མཉམ་གནས་འཆམ་མཐུན་གྱི་ཁོར་ཡུག་གཅིག་བསྐྲུན་ཐུབ་པ་ནི།ཁྱེད་བཞིན་དཀོན་པས་ཟླ་དང་བྲལ།ཁྱེད་ལ་མདུན་འཆོང་གི་བློ་སྟོབས་ནི་བསམ་ཕོད་པ་དང་།བཤད་ཕོད་པ་བྱེད་ཕོད་པའི་སྐུ་ཡོན་གྱི་བ་གམ་བརྩེགས་ཡོད་པས་རྒྱུས་ཡོད་སུས་ཀྱང་འགྲམ་ཆུ་མི་ལྡང་བ་མི་སྲིད།གླིང་ཕྲན་ཞིག་གི་ཁུགས་འགྱིང་དུ་མི་རབས་ནས་མི་རབས་བར་ཤེས་ཡོན་གྱི་སྒྲོ་རྩ་མ་འབུས་པའི་ངང་མོའི་ཁྱུ་ཚོགས་རྣམས་དི་རིང་དྭངས་གཙང་གི་ཆུ་བོའི་ནང་དུ་སློབ་གཉེར་གྱི་རྐྱལ་རྩལ་ངོམ་པའི་སྐལ་བ་ཞིག་ཁྱེད་ཀྱིས་སྟེར།སྔོན་ཆད་ངང་མོའི་ཁྱུ་ཚོགས་ལ་ཕྱག་སྐོར་མ་བྱན་ཙམ་གྱིས་མི་ཚེ་འཁྱོལ་ཐབས་དེ་མཇུག་བསྒྲིལ་ནས།དེང་ཤེས་རིག་འོད་སྣང་གླིང་དུ་ཐོས་བསམ་སྒོམ་སྒྲུབ་དང་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་གཞོལ་བའི་ལམ་བུ་ཞིག་ཁྱེད་ཀྱིས་བཏོད།དེ་ནས་ཡུལ་འདི་རུ་མོ་གླིང་ཁོལ་མ་ནེའུ་ཆུང་ཞིག་དགུང་ལ་མཆེད་བཞིན་འདུག་པས་ཡིད་སྨོན་ཅིས་མི་ཤོར།ལྔ་རིག་གླིང་དུ་མདུན་མཆོང་བྱ་རྒྱུར་ཕོ་མོའི་དབྱེ་འབྱེད་གུ་ནས་མེད་པའི་བརྩོན་པ་བསྲིང་རྒྱུ་ནི་ངང་མོའི་ཁྱུ་ཚོགས་ལ་འཁྲི་བའི་འགན་ཡིན་ལ།ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ནི་བོན་གྱི་བླ་དཔོན་རྣམས་ལ་རགས་ལས་ཡོད་པའི་རྒྱུ་མཚན་ཞིག་ཚོར་ཐུབ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.