སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་2
[ 2015/9/26 18:18:00 | By: lodoe ]
 

བཞི་པ། བསྐལ་པ་བསྟན་རིམ་སྐོར།

དང་པོ་བསྐལ་པ་བསྟན་པའི་སྐབས་སུ་ཚིག་ཁ་སྒྲིག་ཆོག་པའི་གཞུང་ཚིག་ནི། མཛོད་ཕུགས་ཀྱི་བསྐལ་པ་དགུ་ཡི་ངོ་བོ་དང་ཕན་ཚུན་བསྐལ་ཚུལ་གྱི་གཞུང་ཚིག་འགོ་བརྩམས་ནས་ཚིག་རྐང་བདུན་ཅུ་ལྷག་ཙམ་སོང་རྗེས་ཚིག་ཁ་སྒྲིག་ཆོག་པ་དཔེར་ན། མཛོད་ཕུགས་༡༦ལས{15}། ཞང་ཞུང་སྐད་དུ། ༼ཁྲུན་ཞི་རྣི་ཅི་མུ་ཏིང་གྱིན། བོད་སྐད་དུ། བསྐལ་པ་རྣམ་པ་མང་བཤད་པ། ཁྲུ་ཏོན་ཁྲུན་ཞི་དུ་ཏི་ཅི། འཇིག་པའི་བསྐལ་པ་དམྱལ་བ་ཡི། ལིག་མིན་སྦུ་ཀུན་ཏི་ཙོག་གྱིན། སྲིད་པ་མེད་ནས་སྣོད་ཟད་པ། ནེ་ཞི་ཏུ་ཏོག་ལི་མིན་ནི། ཆགས་པ་དང་པོ་རླུང་ནས་ནི། དུ་ཏི་རྐྱེལ་ཞི་ཏི་ཕྲ་གྱིན། དམྱལ་བ་སྲིད་པའི་བར་དུའོ། །ཝེར་ཉི་ཁྲུན་ཞི་ཏི་པག་མིན། བར་གྱི་བསྐལ་པ་དཔག་མེད་ནས། ཏི་ལོ་ཅུ་མོ་ཏི་བར་ནི། ཚེ་ལོ་བཅུ་ཡི་བར་དུའོ། །ད་དུ་ཀེན་དོད་ཏུར་ཅི་ནི། དེ་ནས་ཡར་སྐྱེ་མར་བྲི་བ། ཁྲུན་ཅི་ཞིམ་ཞན་ཅུ་སྣིས་གྱད། བསྐལ་པ་གཞན་ནི་བཅོ་བརྒྱད་དོ། ཀན་དོད་ཏི་ནི་ཡ་མ་གྱིན། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། ཏི་ནི་ཁྲི་ཙུ་གྱད་ཁྲུ་གྱིན། དེ་དག་ཚེ་ནི་བརྒྱད་ཁྲི་བར། ཏ་ཏན་ཇི་ཏད་རིག་ཞུར་ཅི། དེ་ལྟར་འཇིག་རྟེན་ཆགས་པ་ན། ཁྲུན་ཞི་ནི་ཅུ་ཏ་ཀ་གྱིན། བསྐལ་པ་ཉི་ཤུ་གནས་པ་ཡིན། ལིག་ཞུར་ཏི་ཅི་དུ་ཁྲུན་ནོ། །ཆགས་པ་དང་ནི་འཇིག་པ་ནི། ཁྲུན་ཞི་ད་དུག་དྷ་ཏུར་ནི། ཞིག་ནས་འདུག་པ་དག་མཉམ་མོ། །དེ་ནི་ཅུ་གྱད་ཁྲུན་ཅི་གྱིན། དེ་དག་བརྒྱད་ཅུ་བསྐལ་ཆེན་ཡིན༽ཞེས་བསྟན་པ་ལ། མངོན་པ་མཛོད་༢༩ལས{16}། ༼བསྐལ་པ་རྣམ་པ་མང་བཤད་པ། འཇིག་པའི་བསྐལ་པ་དམྱལ་བ་ཡི།  སྲིད་པ་མེད་ནས་སྣོད་ཟད་པ།  འཆགས་པ་དང་པོ་རླུང་ནས་ནི།  དམྱལ་བ་སྲིད་པའི་བར་དུའོ། །བར་གྱི་བསྐལ་པ་དཔག་མེད་ནས།  ཚེ་ལོ་བཅུ་ཡི་བར་དུའོ། ། དེ་ནས་ཡར་སྐྱེ་མར་བྲི་བའི།  བསྐལ་པ་གཞན་ནི་བཅོ་བརྒྱད་དང་།  ཡར་སྐྱེ་བ་ནི་གཅིག་ཡིན་ཏེ།  དེ་དག་ཚེ་ནི་བརྒྱད་ཁྲི་བར།  དེ་ལྟར་འཇིག་རྟེན་ཆགས་པ་འདི། བར་གྱི་བསྐལ་པ་ཉི་ཤུ་གནས། །འཆགས་པ་དང་ནི་འཇིག་པ་དང་།  ཞིག་ནས་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན།༽ཞེས་གསལ་ཡོད། ཞང་བོད་ལྷན་དུ་ཡོད་པའི་ཚིག་གི་གོ་དོན་སོ་སོར་བཀྲལ་དེ་བཀོད་པ་གཤམ་གསལ་ལྟར།

ཁྲུན་ཞི། བསྐལ་པ། རྣི་ཅི། རྣམ་པ། མུ་ཏིང་གྱིན། མང་བཤད་པ། ཁྲུ་ཏོན། འཇིག་པའི། ཁྲུན་ཞི། བསྐལ་པ། དུ་ཏི། དམྱལ་བ། ཅི། ཡི། ལིག་མིན། སྲིད་པ། སྦུ་ཀུན། མེད་ནས། ཏི་ཙོག་གྱིན།  སྣོད་ཟད་པ། ནེ་ཞི། ཆགས་པ། ཏུ་ཏོག  དང་པོ། ལི་མིན། རླུང་ནས། ནི།  ནི། དུ་ཏི། དམྱལ་བ། རྐྱེལ་ཞི། སྲིད་པའི། ཏི་ཕྲ་གྱིན།  བར་དུའོ། །ཝེར་ཉི། བར་གྱི། ཁྲུན་ཞི། བསྐལ་པ། ཏི་པག་མིན། དཔག་མེད་ནས། ཏི་ལོ། ཚེ་ལོ། ཅུ་མོ་ བཅུ་ཡི། ཏི་བར་ནི། བར་དུའོ། །ད་དུ། དེ་ནས། ཀེན་དོད། ཡར་སྐྱེ། ཏུར་ཅི་ནི། མར་བྲི་བ། ཁྲུན་ཅི། བསྐལ་པ། ཞིམ་ཞན། གཞན་ནི ཅུ་སྣིས་གྱད། བཅོ་བརྒྱད་དོ། །ཀན་དོད། ཡར་སྐྱེ་བ ཏི༼ཏིག༽གཅིག། ནི། ནི། ཡ་མ་གྱིན།  ཡིན་ཏེ། ཏི་ནི། དེ་དག ཁྲི་ཙུ། ཚེ་ནི། གྱད་ཁྲུ་གྱིན། བརྒྱད་ཁྲི་བར། ཏ་ཏན། དེ་ལྟར། ཇི་ཏད། འཇིག་རྟེན། ལིག་ཞུར་ཅི། ཆགས་པ་ན། ཁྲུན་ཞི། བསྐལ་པ། ནི་ཅུ། ཉི་ཤུ། ཏ་ཀ་གྱིན། གནས་པ་ཡིན། ལིག་ཞུར། ཆགས་པ། ཏི་ཅི། དང་ནི། དུ་ཁྲུན་ནོ། །འཇིག་པ་ནི། ཁྲུན་ཞི། ཞིག་ནས། ད་དུག འདུག་པ། དྷ་ཏུར་ནི། དག་མཉམ་མོ། །དེ་ནི། དེ་དག ཅུ་གྱད། བརྒྱད་ཅུ། ཁྲུན་ཅི་གྱིན། བསྐལ་ཆེན་ཡིན།

བསྐལ་པའི་སྐབས་སུ་ཚིག་ཁ་སྒྲིག་ཆོག་པའི་ཚིག་རྐང་བཅུ་དྲུག་འདི་རྣམས་མཛོད་ཕུགས་ལྟར་ན་བསྐལ་པ་བཞིའི་ས་མཚམས་དང་། བསྐལ་བཞི་ཇི་ལྟར་བརྩམ་ཚུལ་ཙམ་སྟོན་བྱེད་ཡིན་ལ། མངོན་པ་མཛོད་དུ་བསྐལ་པ་སྟོན་བྱེད་ཚིག་རྐང་འདི་ཙམ་ལས་མེད་པར་མངོན། མཛོད་ཕུགས་ནས་བསྐལ་པ་སྟོན་བྱེད་ཚིག་རྐང་བརྒྱད་ཅུ་ལྷག་ཙམ་ཡོད་པ་བཞིན་ཞང་སྐད་ཀྱང་ཕལ་ཆེར་དེ་དང་མཚུངས། གཅིག་མཚུངས་ཀྱི་ལུང་དེའི་གོ་དོན་རོབ་ཙམ་བཤད་ན། ཆགས་གནས་འཇིག་སྟོང་བཞིའི་ནང་གསེས་ཆགས་བསྐལ་ནི། རླུང་རི་རྡུལ་གཅིག་གྲུབ་ནས་དམྱལ་སྲིད་སེམས་ཅན་སྲིད་པའི་བར་དེར་ཆགས་བསྐལ་ཞེས་སུ་ཐ་སྙད་བཏགས། དེའི་ཡུན་ཚད་ནི་བར་བསྐལ་ཉི་ཤུ་དགོས་ཏེ། ཐོག་མར་མི་ཡི་ཚེ་ལོ་དཔག་མེད་ནས་མར་འགྲིབ་ཅིང་ཚེ་ལོ་བཅུ་ལ་ཐུག་པ་ལ་ཡ་ཐོག་རིང་མོ་ཞེས་དང་། དེ་མཐུད་བཅུ་ནས་བརྒྱད་བར་ཡར་འཕེལ་ཏེ་མར་བཅུ་ལ་ཐུག་པར་ཁུག་པ་གཅིག་བརྩིས་པས། དེ་འདྲ་བཅོ་བརྒྱད་ལ་ཁུག་པ་བཅོ་བརྒྱད་ཡིན་ཅིང་། ཐ་མ་དེ་ཡར་བརྒྱད་ཁྲི་བར་འཕེལ་བ་ལ་མ་ཐུག་ཐུང་ངུ་ཞེས་བཤད། ཁུག་པ་བཅོ་བརྒྱད་སྟེང་དུ་ཡ་ཐོག་དང་མ་ཐོག་གཉིས་བསྣན་པའི་ཉི་ཤུ་ལ་བར་བསྐལ་ཉི་ཤུ་ཞེས་བྱ། དེ་ལྟར་སྣོད་བཅུད་ཆགས་པ་ལ་ཡུན་ཚད་བར་བསྐལ་ཉི་ཤུ་དང་། གནས་པ་ལ་ཉི་ཤུ། འཇིག་པ་ལ་ཉི་ཤུ། སྟོང་པ་ལ་ཉི་ཤུ་བཅས་དེ་རྣམས་བསྡོམས་པས་བར་བསྐལ་བརྒྱད་ཅུ་བསྐལ་གཅིག་ཅེས་ཐ་སྙད་འདོགས་སོ། །

ལྔ་པ། ཕྱི་སྣོད་ཆགས་ཚུལ་སྐོར།

གཉིས་པ་ཕྱི་སྣོད་བསྟན་པའི་སྐབས་སུ་ཚིག་ཁ་སྒྲིག་ཆོག་པའི་གཞུང་ཚིག་བསྐལ་པའི་སྐབས་ལས་ལྡབ་འགྱུར་གྱིས་མང་བ་དང་། མཛོད་ཕུགས་ཀྱི་སྣོད་བཅུད་བསྟན་པའི་ཚིག་རྐང་དང་པོ་ནས་མཚུངས་པ་སྟེ། མཛོད་ཕུགས་༢༣ལས{17}། ཞང་ཞུང་སྐད་དུ། ༼ད་ནི་མུང་གི་ཅི་ཏན་གྱིན། བོད་སྐད་དུ། ད་ནི་སྣོད་ཀྱི་འཇིག་རྟེན་གྱི། ནམ་ལུ་ཀུ་ཀུན་དོར་རི་ནི།

 གནས་པ་ཀུན་གྱི་འོག་འདི་ན། ཕྱོ་སངས་ལི་ཏ་རྔི་ཏི་ནི། མཁའ་ལ་རླུང་གི་རྔམས་སུ་ནི། སླས་ཛས་ང་དྲུག་འགི་གར་རོ། ས་ཡ་དྲུག་འབུམ་གྲངས་མེད་དོ། །ཏིང་ངེ་འབའ་རི་ཆུ་ཏིག་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། སྟང་ཞི་ཕྲ་ཏ་ནེ་ཅུ་ཅིང་། སྟོང་གི་ཕྲག་ནི་ཉི་ཤུའོ། །ཕྱི་ཅི་རྔིམ་འབའ་བྲ་གྱད་ནི། ཕྱི་ནས་རྔམས་སུ་འབུམ་ཕྲག་བརྒྱད། ཛ་ཏུར་ཏྲུ་ཞི་མར་པང་གྱིན། ལྷག་མ་རིན་ཆེན་གསེར་དུ་འགྱུར། ཏིང་ཞི་མར་ནི་བྲ་ཡང་ཅི། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། ཏ་ཏན་འབའ་པྲ་ཅུ་ནེས་ནེ། ཐད་ཀར་འབུམ་ཕྲག་བཅུ་གཉིས་སོ། །སྟང་ཞི་སུམ་པ་བིར་པྲ་ཅི། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། དེ་ཕྱི་ང་ར་ཡི་ཡོད་འདོད། ཕྱེད་དང་ལྔ་བརྒྱ་ཡོད་པར་འདོད། ཡང་རྒྱུ་ཏི་ཙེ་ནེ་སུམ་ནི། འཁོར་ཡུག་དུ་ནི་གསུམ་གསུམ་འགྱུར།༽ ཞེས་གསལ་བ་ལ། མངོན་པ་མཛོད་ལས་༢༤ལས{18}། ༼དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། གནས་པར་འདོད་པའི་འོག་དག་གི། རླུང་གི་དཀྱིལ་འཁོར་རྔམས་སུ་ནི། ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམ་འབུམ་ཕྲག་བཅུ་གཅིག་དང་། སྟོང་གི་ཕྲག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ལྷག་མ་རིན་ཆེན་གསེར་དུ་འགྱུར། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། ཐད་ཀར་འབུམ་ཕྲག་བཅུ་གཉིས་སོ། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། ཕྱེད་དང་ལྔ་རྣམས་ཁོ་ན་འོ། །ཁོར་ཡུག་ཏུ་ནི་གསུམ་འགྱུར་རོ། །༽ཞེས་གསལ།

ད་ནི། ད་ནི། མུང་གི།  སྣོད་ཀྱི། ཅི་ཏན་གྱིན། འཇིག་རྟེན་གྱི།  ནམ་ལུ།  གནས་པ། ཀུ་ཀུན། ཀུན་གྱི། དོར་རི་ནི།  འོག་འདི་ན། ཕྱོ་སངས།  མཁའ་ལ། ལི་ཏ།  རླུང་གི  རྔི་ཏི་ནི། རྔམས་སུ་ནི། སླས་ཛས། ས་ཡ། ང་དྲུག  དྲུག་འབུམ།  འགི་གར་རོ། །གྲངས་མེད་དོ། །ཏིང་ངེ།  ཆུ་རྔམས།  འབའ་རི། འབུམ་ཕྲག ཆུ་༼ཅི༽ཏིག་ནི། བཅུ་གཅིག་དང་། སྟང་ཞི། སྟོང་གི  ཕྲ་ཏ། ཕྲག་ནི། ནེ་ཅུ་ཅིང་། ཉི་ཤུའོ། །ཕྱི་ཅི།  ཕྱི་ནས། རྔིམ། རྔམས་སུ། འབའ་བྲ་གྱད་ནི། འབུམ་ཕྲག་བརྒྱད། ཛ་ཏུར།  ལྷག་མ། ཏྲུ་ཞི།  རིན་ཆེན། མར་པང་གྱིན། གསེར་དུ་འགྱུར། ཏིང་ཞི།  ཆུ་དང་། མར་ནི། གསེར་གྱི།  བྲ་ཡང་ཅི། དཀྱིལ་འཁོར་གྱི། ཏ་ཏན། ཐད་ཀར། འབའ་པྲ།  འབུམ་ཕྲག  ཅུ་ནེས་ནེ། བཅུ་གཉིས་སོ། །སྟང་ཞི། སྟོང་ཕྲག  སུམ་པ། གསུམ་དང་། བིར་པྲ་ཅི། བརྒྱ་ཕྲག་ནི། དེ་ཕྱི། ཕྱེད་དང་། ང་ར།  ལྔ་བརྒྱ། ཡི་ཡོད་འདོད། ཡོད་པར་འདོད། ཡང་རྒྱུ།  འཁོར་ཡུག  ཏི་ཙེ། དུ་ནི། ནེ་སུམ་ནི། གསུམ་འགྱུར་རོ།༽

བརྗོད་བྱའི་གོ་རིམ་དང་རྗོད་ཚིག་གཅིག་མཐུན་བྱུང་བ་དེ་རྣམས་ཀྱི་བསྟན་དོན་ནི། འོག་གཞིའི་རླུང་རི་དང་། མེ་ཡི་དཀྱིལ་འཁོར། ཆུ་དང་ས་ཡི་དཀྱིལ་འཁོར་རྣམས་ཀྱི་མཐོ་ཚད་དང་ཞེང་ཚད་མཐའ་སྐོར་བཅས་ཀྱི་ཚད་གཞི་ཕལ་ཆེར་མཚུངས་པར་གྱུར་ལ། མཛོད་ཕུགས་ནས། ༼ཕྱེད་དང་ལྔ་བརྒྱ་ཡོད་པར་འདོད། ༽ཅེས་པ་དེ་དང་། མངོན་མཛོད་ནས། ༼ཕྱེད་དང་ལྔ་རྣམས་ཁོ་ནའོ།༽ཞེས་ཅུང་མི་མཐུན་པ་དང་གཞན་ཚིག་སྦྱོར་སྡེབས་སྟངས་ཙམ་ལས་དོན་དངོས་མཚུངས་པར་སྣང་།

དྲུག་པ། རི་རྒྱལ་དང་རི་བདུན་སྐོར།

ཡང་དབུས་ཀྱི་རི་རྒྱལ་དང་དེའི་ཕྱི་རོལ་ནས་སྐོར་བའི་གསེར་གྱི་རི་བདུན། རོལ་བའི་མཚོ་བདུན་བཤད་སྐབས་གཅིག་མཐུན་བྱུང་བའི་ཚིག་ནི། མཛོད་ཕུག་༢༣ལས{19}། ཞང་ཞུང་སྐད་དུ། ༼དེ་ཅི་རི་རྭང་ཨག་ཤོ་ནི། བོད་སྐད་དུ། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། ཏི་དི་ཕྲན་གྱི་མར་སྐྱེ་དོག ཐང་གཤོལ་འཛིན་དང་གསེར་གྱི་མདོག ཅ་སྡུམ་རྭང་ཞི་དྷང་ར་གྱིན། ལྟ་ན་སྡུག་རི་རྟ་ན་འཛིན། ཀ་ཏི་མ་མུག་དུན་སྣིས་ཅི། ཀུན་འདུད་མུ་ཁྱུད་འཛིན་དང་བདུན། དེ་རྐྱེལ་ཕྱི་ཡི་ཡི་མུ་ཡེ། དེ་ནི་ཕྱི་རོལ་འཁོར་ཡུག་གོ །སྣིས་ཙེ་མར་ལ་ཀུན་ཡུག་ཟངས། བདུན་ནི་གསེར་རི་འཁོར་ཡུག་ལྕགས། རི་རྭང་བིང་ང་དེ་ཅུ་ནམ་། རི་རྒྱལ་ངོས་བཞི་རང་དུ་གནས། ཏིང་ཀླུང་མུ་མིན་གྱད་ཁྲི་ཅི། ཆུ་ཡི་ནང་དུ་བརྒྱད་ཁྲི་ནུབ། ཡར་སྣེ་ད་དོད་ཧི་པང་ནི། ཡར་ཀྱང་དེ་བཞིན་འཕགས་པ་ཡིན། གེ་དྷིམ་ཏི་ཙེ་གྱ་ཚེ་ཁྲུ། དཔག་ཚད་དག་ནི་བརྒྱད་ཁྲི་ལ། རང་སྣིས་ཧི་པ་དིས་བྱེད་བྲི། རི་བདུན་འཕང་དུ་ཕྱེད་ཕྱེད་བྲི། རྔི་ཅི་དྷི་པང་ཉེ་ལོ་གྱིན། རྔམས་སུ་འཕང་དང་མཉམ་པ་སྟེ། ཏ་ནི་ཅེས་སྣི་དང་ར་ཁྱུང་། དེའི་བར་བདུན་རོལ་མཚོ་ཡིན། དུ་ཏོག་ཏ་པྲ་ཅུ་སྣིས་གྱད། དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། ཏུ་ཅི་ནི་ནིག་དང་ར་གྱིན། དེ་ན་ནང་གི་མཚོ་ཡིན་ནོ། །དེ་ཅི་ངེ་རེ་ནེ་སུམ་སྐུར། དེའི་ངོས་ལ་གསུམ་དུ་འགྱུར། དང་ར་དེ་བཞིན་དེ་ཕྱི་བྲི། རོལ་མཚོ་གཞན་ནི་ཕྱེད་ཕྱེད་བྲི། དེ་ཕྱི་དང་ར་རེ་བཅུ་གྱིན། ཕྱི་མ་ཕྱི་ཡི་རོལ་མཚོ་ཡིན། ཏིང་ཤོ་བིང་ང་ཇུ་ཁྱོ་ནི། ཆུ་བཞི་དེ་ནས་འབབ་པའོ། །འབའ་པྲ་ནེ་སུམ་ཏང་ཕྲ་ཇི། འབུམ་ཕྲག་གཉིས་དང་སྟོང་ཕྲག་ནི། ནེ་ཅུ་ནེ་སུམ་ཡི་ཡོད་ཅི། ཉི་ཤུ་གཉིས་སུ་ཡོད་པའོ། །༽ཞེས་གསལ་བ་ལ། མངོན་པ་མཛོད་༢༤ལས{20}། ༼དེ་ལ་ལྷུན་པོ་གཉའ་ཤིང་འཛིན། གཤོལ་མདའ་འཛིན་དང་སེང་ལྡེང་ཅན། དེ་བཞིན་ལྟ་ན་སྡུག་རི་དང་། རྟ་རྣ་དང་ནི་རྣམ་འདུད་དང་། མུ་ཁྱུད་འཛིན་རིའོ་དེ་ནས་ནི། གླིང་རྣམས་ཡིན་ནོ་དེ་དག་གི།  ཕྱི་རོལ་ན་ནི་ཁོར་ཡུག་སྟེ། བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། ཆུ་ཡི་ནང་དུ་བརྒྱད་ཁྲི་དག ནུབ་བོ་དེ་བཞིན་སྟེང་དུ་ཡང་། དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་བྲི། དེ་དག་རྔམས་སུ་འཕང་དང་མཉམ། དེ་དག་བར་བདུན་རོལ་མཚོ་ཡིན། དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། ཉི་ཤུ་གཉིས་སུ་དེ་ལ་ནི།༽ཞེས་གསལ།

དེ་ཅི།  དེ་ལ། རི་རྭང་།  ལྷུན་པོ། ཨག་ཤོ་ནི། གཉའ་ཤིང་འཛིན། ཏི་དི། ཐང་གཤོལ། ཕྲན་གྱི།  འཛིན་དང་། མར་སྐྱེ་དོག  གསེར་གྱི་མདོག  ཅ་སྡུམ།  ལྟ་ན། རྭང་ཞི།  སྡུག་རི། དྷང་ར་གྱིན། རྟ་ན་འཛིན། ཀ་ཏི།  ཀུན་འདུད། མ་མུག  མུ་ཁྱུད། དུན་སྣིས་ཅི། འཛིན་དང་བདུན། དེ་རྐྱེལ།  དེ་ནི། ཕྱི་ཡི།  ཕྱི་རོལ། ཡི་མུ་ཡེ། འཁོར་ཡུག་གོ །སྣིས་ཙེ།  བདུན་ནི། མར་ལ།  གསེར་རི། ཀུན་ཡུག་ཟངས། འཁོར་ཡུག་ལྕགས། རི་རྭང་།  རི་རྒྱལ། བིང་ང་།  ངོས་བཞི། དེ་ཅུ་ནམ་། རང་དུ་གནས། ཏིང་ཀླུང་།  ཆུ་ཡི། མུ་མིན།  ནང་དུ། གྱད་ཁྲི་ཅི། བརྒྱད་ཁྲི་ནུབ། ཡར་སྣེ།  ཡར་ཀྱང་། ད་དོད།  དེ་བཞིན། ཧི་པང་ནི། འཕགས་པ་ཡིན། གེ་དྷིམ།  དཔག་ཚད། ཏི་ཙེ།  དག་ནི། གྱ་ཚེ་ཁྲུ། བརྒྱད་ཁྲི་ལ། རྭང་སྣིས། རི་བདུན། ཧི་པ།  འཕང་དུ། དིས་བྱེད་བྲི། ཕྱེད་ཕྱེད་བྲི། རྔི་ཅི། རྔམས་སུ། དྷི་པང་།  འཕང་དང་། ཉེ་ལོ་གྱིན། མཉམ་པ་སྟེ། ཏ་ནི།  དེའི། ཅེས་སྣི།  བར་བདུན། དང་ར་ཁྱུང་། རོལ་མཚོ་ཡིན། དུ་ཏོག  དང་པོ། ཏ་པྲ། སྟོང་ཕྲག  ཅུ་སྣིས་གྱད། བརྒྱད་ཅུ་སྟེ། ཏུ་ཅི།  དེ་ན། ནི་ནིག  ནང་གི། དང་ར་གྱིན། མཚོ་ཡིན་ནོ། །དེ་ཅི།  དེའི། ངེ་རེ།  ངོས་ལ། ནེ་སུམ་སྐུར། གསུམ་དུ་འགྱུར། དང་ར། རོལ་མཚོ། དེ་བཞིན།  གཞན་ནི། དེ་ཕྱི་བྲི། ཕྱེད་ཕྱེད་བྲི། དེ་ཕྱི། ཕྱི་མ། རེ་བཅུ། ཕྱི་ཡི། དང་ར་གྱིན། རོལ་མཚོ་ཡིན། ཏིང་ཤོ།  ཆུ། བིང་ང་།  བཞི། ཇུ་ཁྱོ་ནི། དེ་ནས་འབབ་པའོ། །འབའ་པྲ།  འབུམ་ཕྲག ནེ་སུམ། གཉིས་དང་། ཏང་ཕྲ་ཇི། སྟོང་ཕྲག་ནི། ནེ་ཅུ།  ཉི་ཤུ། ནེ་སུམ།  གཉིས་སུ། ཡི་ཡོད་ཅི། ཡོད་པའོ། །

འདིར་རི་བདུན་གྱི་མིང་ཙམ་མི་མཚུངས་པ་མངོན་རུང་། ཚིག་གི་འགྲོས་དང་དོན་ཐོབ་ཀྱི་འབབ་ས་གཅིག་ལས་གཞན་མ་མཆིས། དེ་ཡང་མཛོད་ཕུགས་ལས།༼རི་བདུན་འཕང་དུ་ཕྱེད་ཕྱེད་བྲི།༽ ཞེས་པ་དེ་དང་མངོན་མཛོད་ལས། ༼བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་བྲི།༽ཞེས་པའི་དོན་ནི་དང་པོས་ལྕགས་རི་མ་བརྩིས་པའི་ཕྱེད་ཕྱེད་བྲི་དགོས་པ་བསྟན་ལ། གཉིས་པས་རི་བདུན་ཐོག་ཏུ་ལྕགས་རི་བརྩིས་པའི་བརྒྱད་པོ་ཕྱེད་ཕྱེད་བྲི་དགོས་པ་བསྟན་པ་ཡིན། མདོར་ན་དབུས་ཀྱི་རི་རྒྱལ་ལྷུན་པོ་མཚོ་ཐོག་ལ་ཡར་ཐོན་པ་དཔག་ཚད་བརྒྱད་ཁྲི། མར་ཆུ་ལ་བརྒྱད་ཁྲི་ནུབ། འཕྲད་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད། དེའི་རྔམ་ཚད་ཕྱེད་ཀ་ནོན་པའི་གཉའ་ཤིང་འཛིན་ལ་མཐོ་རྔམ་དཔག་ཚད་བཞི་ཁྲི། དེའི་ཕྱེད་མཉམ་ཐང་གཤོལ་འཛིན་ལ་གཉིས་ཁྲི། དེ་བཞིན་གསེར་གྱི་མདོག་ལ་ཆིག་ཁྲི། ལྟ་ན་སྡུག་ལ་ལྔ་སྟོང་། རྟ་ན་འཛིན་ལ་གཉིས་སྟོང་ལྔ་བརྒྱ། ཀུན་འདུད་ལ་གཅིག་སྟོང་གཉིས་བརྒྱ་ལྔ་བཅུ། མུ་ཁྱུད་འཛིན་ལ་དྲུག་བརྒྱ་ཉེར་ལྔ། འཁོར་ཡུག་ལ་དཔག་ཚད་སུམ་བརྒྱ་ཕྱེད་བཅུ་གསུམ་བཅས་འབྱུང་བ་ལ། འཕང་དུ་ཕྱེད་ཕྱེད་བྲི་ཞེས་པའི་དོན་ཡིན། མཚོ་བདུན་ལ་དེ་བཞིན་ཞེང་ཚད་སོགས་ཕྱེད་ཕྱེད་མར་བྲིས་དགོས་པར་བརྟེན། ༡ མཆོག་མཚོའི་ཞེང་ཚད་ལ་དཔག་ཚད་བརྒྱད་ཁྲི་དང་དཀྱུས་ངོས་རེར་ཁྲི་ཕྲག་ཉི་ཤུ། ༢ གཉའ་ཤིང་འཛིན་གྱི་རྩ་བར་གནས་པའི་གཉན་མཚོ་ལ་ཞེང་ཚད་བཞི་ཁྲི་དང་དཀྱུས་ངོས་རེར་ཁྲི་བཅུ། ༣ བཤོལ་མདའ་འཛིན་གྱི་རྩ་བར་གནས་པས་མདའ་འཕང་མཚོ་ལ་ཞེང་ཚད་ཉིས་ཁྲི་དང་དཀྱུས་ངོས་རེར་ཁྲི་ཕྲག་ལྔ། ༤ གསེར་མདོག་གྱི་རྩ་བར་གནས་པའི་གསེར་མཚོ་ལ་ཞེང་ཚད་ཁྲི་གཅིག་དང་དཀྱུས་ངོས་རེར་ཁྲི་ཕྲག་གཉིས་དང་ལྔ་སྟོང་། ༥ ལྟ་ན་སྡུག་གི་རྩ་བར་གནས་པའི་མཛེས་མཚོ་ལ་ཞེང་ཚད་ལྔ་སྟོང་དང་དཀྱུས་ངོས་རེར་ཁྲི་ཁྲག་གཅིག་དང་གཉིས་སྟོང་ལྔ་བརྒྱ། ༦ ལྟ་རྣ་འཛིན་གྱི་རྩ་བར་གནས་པའི་སྒྲ་སྙན་མཚོ་ལ་ཞེང་ཚད་ཉིས་སྟོང་ལྔ་བརྒྱ་དང་དཀྱུས་ངོས་ལྔ་སྟོང་ཉིས་བརྒྱ་ལྔ་བཅུ། ༧ ཀུན་འདུད་ཀྱི་རྩ་བར་གནས་པའི་མོས་ལྡན་མཚོ་ལ་ཞེང་ཚད་སྟོང་དང་ཉིས་བརྒྱ་ལྔ་བཅུ་དང་དཀྱུས་ཚད་ལྔ་སྟོང་གཅིག་བརྒྱ་ཉེར་ལྔ་བཅས་སོ།། རྗེ་ཡི་མཛོད་འགྲེལ་༡༡༤ལས་བཏུས།

བདུན་པ། གླིང་བཞི་དང་གླིང་ཕྲན་སྐོར། །

འུ་ཅག་འགྲོ་འདུག་བྱ་སའི་གནས་གཞི་ལྷོ་འཛམ་བུ་གླིང་དང་གླིང་གཞན་གསུམ་གྱི་ཚད་དབྱིབས་ཇི་ཡོད་སོ་སོར་བཤད་སྐབས་ཚིག་དོན་འདྲ་མཚུངས་འདི་ལྟར་འབྱུང་སྟེ།  མཛོད་ཕུགས་༢༤ལས{21}། ཞང་སྐད་དུ།༼ཨི་ཛ་སྤྲེ་ལིང་ངོ་ར་སུམ། བོད་སྐད་དུ། འཛམ་བུ་གླིང་ནི་ངོས་གསུམ་སྟེ། སྟང་པྲ་ནེ་སུམ་སླ་ཙོག་དུམ། སྟོང་ཕྲག་གཉིས་ཡོད་སོག་པའི་དབྱིབས། ཏི་༼ཏིག༽ནེ་གེ་དྷིམ་དེ་ཕྱི་བིང་། གཅིག་ལ་དཔག་ཚད་ཕྱེད་དང་བཞི། ནེ་སུམ་བིང་བིང་དི་ཁོར་ཅི། གཉིས་ནི་བཞི་བཞིས་འཁོར་བར་འདོད། ཤེ་ལོད་རྐོ་པ་ཟ་ཟི་ཁམ། ཤར་གྱི་ལུས་འཕགས་ཟླ་གམ་སྟེ། ང་རོ་ནེ་སུམ་ཀུ་ར་ཅི། ངོས་གསུམ་ཀུན་ཏུ་འདྲ་གཅིག་ལ། གེ་དྷིམ་རག་སུམ་ང་དྲུག་ཅི། དཔག་ཚད་སུམ་བརྒྱ་ལྔ་བཅུ་ནི། ད་ཀུ་ཡེ་མུ་མར་ཤི་ཅི། ཀུན་ནས་ཡོད་པར་སྟོན་པ་ཡིན། ཧས་ཏི་ཅི་ཅོད་ཞིང་རི་གྱིན། བན་གླང་སྤྱོད་དེ་ཟླུམ་པོ་ལ། གེ་ཧྲིམ་སྟ་པྲ་དིས་ཕྱེད་གྱད། དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད། དེ་གི་སྟ་པྲ་དིས་ཕྱེ་ནི། དེ་དབུས་སྟོང་ཕྲག་ཕྱེད་དང་གསུམ། གི་གང་སྟེ་ཅི་ཡོད་ཅི་གྱིན། གང་ནས་གཅལ་ཀྱང་ཡོད་པར་སྟོན། ཨུ་དུག་གླང་ར་ལིང་ཁྲི་བིང་། སྒྲ་མི་སྙན་ཏེ་གྲུ་བཞི་ལ། གེ་དྷིམ་གྱད་སྟམ་ཡི་མུ་གྱིན། དཔག་ཚད་བརྒྱད་སྟོང་ཡོད་པར་སྟོན།༽ཞེས་དང་། མངོན་པ་མཛོད་༢༥ལས{22}། ༼འཛམ་བུ་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། གཅིག་ལ་དཔག་ཚད་ཕྱེད་དང་བཞི། ཤར་གྱི་ལུས་འཕགས་ཟླ་གམ་འདྲ། ངོས་གསུམ་འདི་དང་འདྲ་གཅིག་ལ། དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་གླང་སྤྱོད་གླིང་ཟླུམ་པོ་སྟེ། སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། སྒྲ་མི་སྙན་བརྒྱད་གྲུ་བཞི་མཉམ།༽ཞེས་གསལ་ཡོད།  

ཨི་ཛ། འཛམ་བུ། སྤྲེ་ལིང་།  གླིང་ནི། ངོ་ར་སུམ། ངོས་གསུམ་སྟེ། སྟང་པྲ།  སྟོང་ཕྲག ནེ་སུམ།  གཉིས་ཡོད། སླ་ཙོག  སོག་པའི། དུམ། དབྱིབས། ཏི་༼ཏིག༽ནེ།  གཅིག་ལ། གེ་དྷིམ། དཔག་ཚད། དེ་ཕྱི་བིང་། ཕྱེད་དང་བཞི། ནེ་སུམ། གཉིས་ནི། བིང་བིང་། བཞི་བཞི། དི་ཁོར་ཅི། འཁོར་བར་འདོད། ཤེ་ལོད། ཤར་གྱི། རྐོ་པ། ལུས་འཕགས། ཟ་ཟི་ཁམ། ཟླ་གམ་སྟེ། ང་རོ་ནེ་སུམ་།  ངོས་གསུམ། ཀུ་ར་ཅི། ཀུན་ཏུ་འདྲ་གཅིག་ལ། གེ་དྷིམ། དཔག་ཚད། རག་སུམ།  སུམ་བརྒྱ། ང་དྲུག་ཅི། ལྔ་བཅུ་ནི། ད་ཀུ།  ཀུན་ནས། ཡེ་མུ།  ཡོད་པར། མར་ཤི་ཅི། སྟོན་པ་ཡིན། ཧས་ཏི།  བན་གླང་། ཅི་ཅོད།  སྤྱོད་དེ་། ཞིང་རི་གྱིན། ཟླུམ་པོ་ལ། གེ་དྷིམ།  དཔག་ཚད། སྟ་པྲ། སྟོང་ཕྲག དིས་ཕྱེད་གྱད། ཕྱེད་དང་བརྒྱད། དེ་གི དེ་དབུས སྟ་པྲ། སྟོང་ཕྲག དིས་ཕྱེ་ནི། ཕྱེད་དང་གསུམ། གི་གང་། གང་ནས། སྟེ་ཅི། ཡོད་ཅི་གྱིན། ཡོད་པར་སྟོན། ཨུ་དུག་གླང་ར། སྒྲ་མི་སྙན་ཏེ། ལིང་ཁྲི་བིང་། གྲུ་བཞི་ལ། གེ་དྷིམ། དཔག་ཚད། གྱད་སྟམ། བརྒྱད་སྟོང་། ཡི་མུ་གྱིན། ཡོད་པར་སྟོན།

གོང་གི་ཚིག་དོན་རྣམས་སོ་སོར་བཤད་ན་རི་རྒྱལ་གྱི་ལྷོ་ཕྱོགས་སུ་གནས་པའི་འཛམ་བུ་གླིང་འདིའི་དབྱིབས་ནི་ངོས་གསུམ་སྟེ་སོག་པའི་དབྱིབས་ལྟ་བུ། ངོས་རེའི་མཐའ་སྐོར་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་བྱས་པས་ངོས་གསུམ་ལ་དྲུག་སྟོང་དང་། གཉིས་ནི་བཞི་བཞི་བཞི་འཁོར་བར་འདོད་ཅེས་པ། སྒ་སྟོན་མཛོད་འགྲེལ༡༢༠ལས{23}། སོག་ཡུ་ལྟ་བུའི་ངོས་ཆུང་གསུམ་གྱི་གཅིག་ཤོས་ལྷོ་ངོས་ཅན་ལ་དཔག་ཚད་ཕྱེད་དང་བཞི། ཤར་ནུབ་གཉིས་ཀྱི་ངོས་ཆུང་རེ་ལ་དཔག་ཚད་བཞི་རེ་སྟེ་བསྡོམས་པས་དཔག་ཚད་ཕྱེད་བཅུ་གཉིས་ཀྱིས་འཁོར་བར་འདོད། རྗེ་ཡི་མཛོད་འགྲེལ་༧༢ལས{24}། ཐོད་ཤོས་བྱང་ཕྱོགས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་རེ་བ། ཤར་ནུབ་གཉིས་ལ་བཞི་རེ། མཐའ་སྐོར་ལ་སྟོང་ཕྲག་དྲུག་དང་ཕྱེད་བཅུ་གཉིས་ཀྱི་འཁོར་བར་འདོད་དོ། ། ཕྱེད་དང་བཞི་ཞེས་པ་ལ། རྗེས་ལྟར་ན་ཐོད་ཤོས་བྱང་ངོས་སུ་འདོད་པ་དང་། སྒ་སྟོན་གྱི་ལྷོ་ངོས་ཅན་དུ་འདོད་ཚུལ་གཉིས་འདུག འོན་ཀྱང་མངོན་པ་མཛོད་ནས་ཤིང་རྟའི་དབྱིབས་འདྲ་བའི་ངོས་གསུམ་དང་། ངོས་རེ་དཔག་ཚད་སྟོང་ཕྲག་གཉིས་རེ་ཡོད་པ་མཐུན་ཞིང་སོག་ཡུ་ལྟ་བུ་ངོས་ཆུང་གསུམ་མ་ཕྱེས་པར་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པར་བཤད། མདོར་ན་མངོན་པ་མཛོད་དུ་མཛོད་ཕུགས་ཀྱི་གཞུང་ཚིག་༼གཉིས་ནས་བཞི་བཞིས་འཁོར་བར་འདོད༽ ཅེས་པ་བཀོལ་སྤྱོད་མ་བྱས་པས་ངོས་ཆུང་གཉིས་ཀྱི་ཚད་དབྱིབས་བཤད་དུ་མེད་སྟབས་ཤིང་རྟའི་དབྱིབས་ལྟ་བུ་འགྲེལ་ཡོད། ཤར་ལུས་འཕགས་པོ་ཟླ་གམ་སྟེ་མཛོད་དཔེ་གཉིས་ཀྱི་ཚད་དབྱིབས་མཚུངས་པར་ངོས་གསུམ་སྟེ་སྒུར་ཕྱོགས་ཆ་གཉིས་སུ་བྱས་པ་ལ་དཔག་ཚད་སྟོང་ཕྲག་གཉིས་རེ་དང་། དྲང་ཕྱོགས་ཁ་ཞེང་རིང་བས་གཉིས་སྟོང་སྟེང་དུ་སུམ་བརྒྱ་ལྔ་བཅུ་ལྷག་པར་བཤད།

ནུབ་བ་གླང་སྤྱོད་ཟླུམ་པོ་དམར་ཤས་ཆེ་ཞིང་མཐའ་སྐོར་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཀྱིས་སྐོར་ཞིང་། དབུས་ཀྱི་ཁ་ཞེང་ཤར་ནས་ནུབ་དང་ལྷོ་ནས་བྱང་བར་གང་ནས་གཞལ་ཡང་དཔག་ཚད་སྟོང་ཕྲག་ཕྱེད་གསུམ་བཤད་ཡོད།

    མཛད་དཔེ་གཉིས་ཀྱི་གླིང་ཕྲན་བརྒྱད་སོ་སོར་བཤད་སྐབས་ཁྱད་པར་འདི་ལྟར་ཏེ། མཛོད་ཕུགས་༢༥ལས{25}། ཞང་ཞུང་སྐད་དུ། ༼ཏི་པར་སྤྲེ་ལིང་གྱད་ཅི་ནི། བོད་སྐད་དུ། ད་ནི་བར་གྱི་གླིང་བརྒྱད་དེ། ཤེ་ལོད་རྐོ་པ་ཡ་མ་ཡི། ཤར་གྱི་ལུས་འཕགས་གཡས་གཡོན་ན། རྐོ་རིང་དང་ནི་རྐོ་ཐུང་གཉིས། ཨ་མུ་གླང་ར་ཡ་མ་ཡི། སྒྲ་མི་སྙན་གྱི་གཡས་གཡོན་ན། གྱག་ཏི་དང་ནི་གྱོག་ཏི་དང་། ཧས་ཏི་ཅི་སྤྱོད་ཡ་མ་ཡི། བན་གླང་སྤྱོད་ཀྱི་གཡས་གཡོན་ན། མར་ཞི་དང་ནི་ཏིང་ཞི་གཉིས། ཨི་ཙམ་སྤྲེ་ལིང་ཡ་མ་ཡི། འཛམ་བུ་གླིང་གི་གཡས་གཡོན་ན། ཁ་སློ་དང་ནི་སྤྲེལ་རྒྱུ་གཉིས།༽ཞེས་གསལ། མངོན་པ་མཛོད་༢༠ལས{26}། ༼དེ་ཡི་བར་གྱི་གླིང་བརྒྱད་ནི། ལུས་དང་ལུས་འཕགས་སྒྲ་མི་སྙན།  སྒྲ་མི་སྙན་གྱི་ཟླ་དང་ནི། རྔ་ཡབ་ནི་རྔ་ཡབ་གཞན། གཡོ་ལྡན་དང་ནི་ལམ་མཆོག་འགྲོ༽ཞེས་གསལ།

ཏི་པར། ད་ནི། སྤྲེ་ལིང་།  བར་གྱི་གླིང་། གྱད་ཅི་ནི། བརྒྱད་དེ། ཤེ་ལོད།  ཤར་གྱི། རྐོ་པ།  ལུས་འཕགས། ཡ་མ་ཡི། གཡས་གཡོན་ན། རྐོ་རིང་། ལུས་རིང་བ། རྐོ་ཐུང་ལུས་ཐུང་བ།  ཨ་མུ་གླང་ར། སྒྲ་མི་སྙན་གྱི། ཡ་མ་ཡི། གཡས་གཡོན་ན། གྱག་ཏི། ན་རྒས་དྲན་པའི་གླིང་། གྱོག་ཏི་འཆི་དུས་ཚོར་བའི་གླིང་། ཧས་ཏི།  བན་གླང་། ཅི་སྤྱོད། སྤྱོད་ཀྱི། ཡ་མ་ཡི། གཡས་གཡོན་ན། མར་ཞི། གསེར། ཏིང་ཞི། དངུལ།  ཨི་ཙམ།  འཛམ་བུ། སྤྲེ་ལིང་།  གླིང་གི། ཡ་མ་ཡི། གཡས་གཡོན་ན། ཁ་སློ། ཆུ་ཤིང་ལ་སྤྱོད། སྤྲེལ་རྒྱུ། སྤྲེའུ་མེ་ཁྱེར།

ཡང་གདུལ་བྱ་བཀྲིད་དྲངས་ཆེད་དུ་དམྱལ་ཁམས་དང་། ཡི་དྭགས། བྱོལ་སོང་བཅས་ཀྱི་གནས་ཇི་ལྟར་ཆགས་ཚུལ་བཤད་སྐབས་ཚིག་དོན་འདྲ་མཚུངས་དཔེ་ན། མཛོད་ཕུགས་༢༥ལས{27}། ༼ཏི་བྱང་ཁ་རང་དུན་གུ་ཅི། རྣིལ་དང་རྭང་གི་ཕ་རོལ་ན། ཤིམ་ཕོད་ནོམ་པའི་ཚུལ་རོལ་ན། དྭང་ར་མ་དྲོས་མུ་ཟངས་གནས། དེ་ནས་འོག་ཏུ་མར་གཅལ་བའི། དཔག་ཚད་སྟོང་ཕྲག་ཉི་ཤུ་ན། མནར་མེད་པ་ཡི་དུ་ཏི་ཡོད། དེ་སྟེང་དུ་ཏི་བདུན་པོ་དང་། ལྷག་པའི་དུ་ཏི་བཅུ་དྲུག་ཡོད། དུ་ཏི་གི་ནུ་ང་ར་བིང་། དེ་དག་གི་ནི་ངོས་བཞི་ན། ནེ་ནུར་ཏི་ཅུ་གྱག་ཙོ་ཅི། མེ་མ་མུར་དང་རོ་མྱག་འདམ། གྲི་ར་ཅུ་ཏིང་དྷ་མིན་གྱིན། རལ་ཀྱུ་ཐལ་ཚན་ཆུ་བོ་ཡོད། དེ་ཀུན་ཀེན་ཏེག་ཡི་ཡར་ཅི། དེ་དག་གི་ནི་གང་ན་ཡང་། ཏི་གྲ་དུ་ཏི་སྣིས་གྱད་ནི། གྲང་བའི་དམྱལ་བ་བརྒྱད་པོ་ཡོད།༽ཞེས་གསལ་ཡོད། མངོན་པ་མཛོད་༢༦ལས{28}། ༼འདི་ནས་བྱང་དུ་རི་ནག་པོ། དགུ་འདས་གངས་རིའོ་དེ་ནས་ནི། སྤོས་ངད་ལྡང་བའི་ཚུལ་རོལ་ན། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། འདི་འོག་སྟོང་ཕྲག་ཉི་ཤུ་ན། མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག  དེ་དག་གི་ནི་ངོས་བཞི་ན། མེ་མ་མུར་དང་རོ་མྱག་དང་། སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན།༽ཞེས་གསལ།

ཏི་བྱང་། ཏི་སེའི་བྱང་ཕྱོགས། ཁ་རྭང་། རི་ནག དུན་གུ་ཅི། དགུ། རྣིལ། གངས། རྭང་། རི། གི་ཕ་རོལ་ན། ཕར་ཕྱོགས་སུ། ཤིམ་ཕོད། སྤོས་དྲི། ནོམ་པའི། ཅན་གྱི། ཚུལ་རོལ་ན། ཚུར་ཕྱོགས་སུ། དྭང་ར། མཚོ། མ་དྲོས གཙང་པོ། མུ་ཟངས་གནས། ཀླུ་རིགས་ཡོད་པ།  དུ་ཏོག དེ་དག  གི་ནུ།  གི་ནི། ང་ར་བིང་། ངོས་བཞི་ན། ནེ་ནུར་ཏི་ཅུ། མེ་མ་མུར་དང་། གྱག་ཙོ་ཅི། རོ་མྱག་འདམ། གྲི་ར།  རལ་ཀྱུ། ཅུ་ཏིང་། ཐལ་ཚན། དྷ་མིན་གྱིན། ཆུ་བོ་ཡོད། དེ་ཀུན།  དེ་དག ཀེན་ཏེག  གི་ནི། ཡི་ཡར་ཅི། གང་ན་ཡང་། ཏི་གྲ  གྲང་བའི། དུ་ཏི། དམྱལ་བ། སྣིས་གྱད་ནི། བརྒྱད་པོ་ཡོད།

འདིར་བཤད་བྱའི་གནད་གཅིག་པ་ཞིག་ལ་བཤད་ཚུལ་མི་འདྲ་བ་གཉིས་སུ་ཁ་གྱེས་པ་ཡིན་ཏེ། མངོན་མཛོད་རྗེས་འཛིན་རྣམས་ཀྱིས་༼ འདི་ནས་བྱང་དུ་རི་ནག་པོ། དགུ་འདས་གངས་རིའོ་དེ་ནས་ནི། སྤོས་ངད་ལྡང་བའི་ཚུལ་རོལ་ན། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ།༽ཞེས་པར། རྒྱ་གར་རྡོ་རྗེ་གདན་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དཔལ་དང་ལྡན་པ་ཡོད། དེ་ནས་བྱང་ན་རི་སྤོས་ངད་ལྡང་པ་ཡོད། དེ་ནས་དཔག་ཚད་བཅུ་ཡི་ཚུལ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་གནས་པའི་མཚོ་ཞེས་གོ་དོན་བཀྲལ་ཡོད། རི་ནག་པོ་དགུ་ནི་རྡོ་རྗེ་གདན་དང་གངས་རི་དཔལ་དང་ལྡན་པ་གཉིས་ཀྱི་བར་ན་ཡོད་ཚུལ་བཤད་པ་ལྟར་རི་ནག་དགུ་གང་ཡིན་ཤེས་འདོད་ཆེ་ཡང་མངོན་པ་མཛོད་ཀྱི་རྩ་འགྲེལ་སོགས་{29}ནས་བཤད་པ་མ་མཐོང་། མཛོད་ཕུགས་རྗེས་འཛིན་རྣམས་ཀྱིས།   ༼ཏི་བྱང་ཁ་རང་དུན་གུ་ཅི། རྣིལ་དང་རྭང་གི་ཕ་རོལ་ན། ཤིམ་ཕོད་ནོམ་པའི་ཚུལ་རོལ་ན། དྭང་ར་མ་དྲོས་མུ་ཟངས་གནས།༽ཞེས་པའི་དོན་ནི། ཏི་བྱང་ནི་ཏི་སེའི་བྱང་མཐའ་སྟེ་བྱང་ནས་ལྷོར་བརྩིས་པའོ། །ཁ་རྭང་ནི་རི་ནག དུ་གུ་ཅི་ནི་དགུའོ། །རི་ནག་དགུ་ནི། མཛོད་སྒྲ་འགྲེལ༡༡༠ལས{30}།༡༽ ཏི་སེའི་བྱང་མཐའི་ཁ་ཁྱེར་མཚོ་དང་གླིང་འབྱེད་པ་ཏི་བྱེར་གྱི་རི་རྒྱུད།༢༽ དེའི་ལྷོ་ན་ཡང་ཁོབ་ཏུ་འབྱེད་པའི་རི་བོ་ད་ཤན་གྱི་རི་རྒྱུད། ༣༽ དེའི་ལྷོ་ན་ཡང་ཁོབ་དང་མཐའ་ཁོབ་འབྱེད་པ་རི་བོ་ཤ་ཚགས་ཀྱི་རི་རྒྱུད། ༤༽ དེའི་ལྷོ་ན་མཐའ་ཁོབ་དང་གེ་སར་འབྱེད་པ་རི་བོ་ལང་ཤངས་རྩེ་མང་གི་རི་རྒྱུད། ༥༽ དེའི་ལྷོ་ན་གེ་སར་དང་ཁྲོམ་དུ་འབྱེད་པ་རི་ད་ན་ཤན་གྱི་རི་རྒྱུད། ༦༽ དེའི་ལྷོ་ན་ཁྲོམ་དང་ཧོར་དུ་འབྱེད་པ་རི་བྱང་གཙུག་རི་ཡོད་པ། ༧༽ དེའི་ལྷོི་ན་ཧོར་དང་དྲུག་གུ་འབྱེད་པ་ཤང་ལ་ནག་པོའི་རི་རྒྱུད། ༨༽དེའི་ལྷོ་ན་དྲུག་གུ་དང་ཚགས་གསེར་འབྱེད་པ་བ་དག་ཤན་གྱི་རི་རྒྱུད། ༩༽ དེའི་ལྷོ་ན་ཚ་གསེར་དང་འབྲུ་བོད་འབྱེད་པ་སྟག་ལ་ནག་པོའི་རི་རྒྱུད་བཅས་དགུའོ། །དེའི་ལྷོ་ན་རྣིལ་དང་རྭང་ཞེས་པ་རྣིལ་ནི་གངས་དང་རྭང་ནི་རི་སྟེ། རྩེ་མོ་གངས་རི་རྩ་བ་བྲག་རི་དབྱིབས་མཆོད་རྟེན་འདྲ་བ་ཡོད། སྤོས་རི་ངད་ལྡན་གྱི་ཚུ་རོལ་བྱང་ཕྱོགས་ན་མུ་ཟངས་གནས་པའི་མཚོ་མ་དྲོས་ཞེས་གོ་དོན་འགྲེལ་ཡོད། རི་ནག་པོ་དགུ་ནི་འཛམ་བུ་གླིང་གི་བྱང་མཐའ་ནས་ཚུར་གངས་ཏི་སེའི་བར་བརྩིས་པར་སྣང་།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.