སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་5
[ 2015/9/26 18:25:00 | By: lodoe ]
 

སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་

ཞིབ་བྱས་པའི་ཟིན་ཐོ།

བཅུ་པ། དུས་ཞག་ཟླ་བ་ལོ་གཅིག་སོགས་རིམ་བཞིན་བརྩམ་ཚུལ་སྐོར།

ཡང་དུས་ཀྱི་ཆུང་མཐའ་སྐད་ཙམ་དུས་ཞག་ཟླ་བ་ལོ་གཅིག་སོགས་རིམ་བཞིན་བརྩམ་ཚུལ་སྟོན་སྐབས། མཛོད་ཕུགས་༣༥ལས{36}། ཞང་སྐད་དུ། ༼ཏུག་ཅི་ན་རིས་ཅུ་ཙེ་ལི། བོད་སྐད་དུ། སྐད་ཙམ་བརྒྱ་དང་ཉི་ཤུ་ལ། ཏོག་ཏིག་མ་མིན་ད་ཡུན་ཅི། སྐད་ཅིག་མ་ནི་ཡིན་པར་འདོད། དེ་ན་དྲུག་ཅུ་ཏི་ཏང་ནི།དེ་དག་དྲུག་ཅུ་ཐང་གཅིག་སྟེ། ཏི་ཏང་ཏི་ཡུ་ཛག་སླག་སུམ། ཐང་ཡུད་ཞག་ཟླ་སུམ་ཅུ་འགྱུར། ཟླ་ཏི་ཉི་ཆུ་ལ་ལོད་ཏིག ཟླ་བ་བཅུ་གཉིས་ལོ་གཅིག་གོ༽ཞེས་བསྟན་པ་ལ། མངོན་མཛོད་༢༩ལས{37}། ༼སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེ་ཡི་སྐད་ཅིག་དེ་དག་ཀྱང་། དྲུག་ཅུ་ལ་ནི་ཐང་གཅིག་གོ ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། གོང་ནས་གོང་དུ་སུམ་ཅུ་འགྱུར། ཞག་མི་ཐུབ་དང་བཅས་པ་ཡི། ཟླ་བ་བཅུ་གཉིས་ལོ་གཅིག་གོ༽ ཞེས་བསྟན་ཡོད།  དེ་རྣམས་ཀྱི་དོན་ནི་དུས་ཀྱི་ཆུང་མཐའ་སྐད་ཙམ་བརྒྱ་དང་ཉི་ཤུ་ཡང་། འབུ་སྦྲང་གཤོག་པ་བརྒྱ་དང་ཉི་ཤུ་བརྩེགས་མར་ཁབ་རྩེས་དམིག་ཕུག་པའི་ཡུན་ཚད་རེ་རེ་ལ་སྦྱར་བས་སྐད་ཙམ་བརྒྱ་དང་ཉི་ཤུ་ལ་སྐད་ཅིག་མ་ཞེས་བྱ། སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག ཐང་སུམ་ཅུ་ལ་ཡུད་གཅིག་ཡུད་སུམ་ཅུ་ཞག་མ་གཅིག ཞག་མ་སུམ་ཅུ་ལ་ཟླ་བ་གཅིག ཟླ་བཅུ་གཉིས་ལ་ལོ་གཅིག་རིམ་བཞིན་བརྩམ་ཚུལ་མཛོད་དཔེ་གཉིས་བརྗོད་སྟངས་ཁྱད་ལས་དོན་ཐོག་མཚུང་པར་སྣང་།

མདོར་ན་ངས་འདིར་བཤད་འདོད་པ་ནི་སྲིད་པའི་མཛོད་ཕུགས་དང་ཆོས་མངོན་པ་མཛོད་གཉིས་ཀྱི་འགོ་མཇུག་གི་བརྗོད་བྱ་རྗོད་བྱེད་ཐམས་ཅད་ནས་མཚུངས་པར་མིན་ཀྱང་། སྣོད་བཅུད་གཉིས་དང་། བསྐལ་པ་བཅས་ཀྱི་ཚིག་དོན་ཕལ་ཆེར་ཁ་སྒྲིག་ཆོག་པ་དཔེར་མཚོན་དྲངས་པ་འདི་ཙམ་གྱིས་མ་ངེས་པར་ཤད་བར་ཉིས་བརྒྱ་ལྷག་ཙམ་གོ་བསྡུར་བྱེད་ཆོག་པས། ཀློག་པ་རྣམས་ཀྱིས་མཛོད་དཔེ་རང་ལ་གོ་བསྡུར་བྱས་ནས་དེ་བས་གཏིང་ཟབ་པར་དཔོགས་པ་དང་མ་བུ་གང་ལ་ཐུག་མིན་གསལ་བར་འཆར་ཐུབ།

བཅུ་གཅིག་པ། མཛོད་དཔེ་གཉིས་ལ་གོ་བསྡུར་བྱས་པའི་མཐའ་སྡོམ་གྱི་དཔྱད་པ།

མཛོད་ལུགས་ཀྱི་རྣམ་རིག་དང་། མཛོད་དཔེ་འདི་ཐོག་མར་བྱུང་ཁུངས་ཞང་བོད་རང་ས་ནས་བྱུང་ཡོད་ཚུལ་ནི།  མཛོད་དཔེའི་ནང་གི་བརྗོད་བྱ་བཟུང་བའི་གཅན་གཟན་དང་། རི་དྭགས། གཡུང་དྭགས། ཞང་བོད་ཀྱི་ཟས་རིགས་ནས་འབྲུ། དེ་བཞིན་རི་བྲག་དང་རྩི་ཤིང་ནག་ཚལ། མཚོ་དང་མཚེའུ་སོགས་དཔེ་མཚོན་བཀོད་པ་ཐམས་ཅད། ཞང་བོད་ཀྱི་ཡུལ་ལྗོངས་སུ་འཁྲས་པའི་སྲོག་ཆགས་དང་། སྐྱེ་དངོས་རྐྱང་པ་བརྗོད་བྱར་བཟུང་བ་ལས། རྒྱ་གར་གྱི་མ་ཧེ་དང་། རྨ་བྱ། གླང་ཆེན། སྤྲེའུ། ཟས་རིགས་གཙོ་བོ་འབྲས་དང་། གྲོ། རྡ་ལི་ལ་སོགས་མཛོད་ཀྱི་བརྗོད་བྱ་རུ་མི་བཟུང་བ་ནི། མཛོད་དཔེ་རྩོམ་མཁན་ལ་མཐོང་སྤྱོད་དང་། རྒྱུས་མངའ་ཡོད་མེད་ཀྱི་འབྲེལ་གནད་གལ་ཆེན་ཞིག་ཆགས་ཡོད། དེ་བཞིན་དཔེ་སྦྱར་ས་ལ་རྒྱུས་ལོན་མེད་ན་དཔེ་དོན་གོ་རིམ་འཛོལ་བའི་གནས་ཚུལ་ཡོང་སྲིད།

དེ་ཡང་མཛོད་ལུགས་ཀྱི་བརྗོད་གཞིར་བཟུང་བའི་སྐྱེ་དངོས་དང་། སྲོག་ཆགས་རྣམས་ནི་ཞང་བོད་མཐོ་སྒང་གི་ནང་བཅུད་རྐྱང་པར་བཟུང་ཡོད་པས། མཛོད་དཔེ་ཡང་ཞང་བོད་མཐོ་སྒང་ནས་རིམ་པར་དར་ཁྱབ་བྱུང་བ་གསལ་པོར་ཆགས་ཡོད།  མཛོད་དཔེ་གཉིས་ཀྱི་སྣོད་བཅུད་བསྐལ་གསུམ་གྱི་གཞུང་ཚིག་ཁ་སྒྲིག་ཆོག་པ་འདི་དག་ལ་གཞིགས་ན། མཛོད་ལུགས་ཀྱི་སྣོད་བཅུད་ཆགས་འཇིག་སྐོར་འདི་ཡང་རུ་མ་གཅིག་ལས་རིམ་པ་ཁ་གཉིས་སུ་གྱེས་པ་ཡིན་པ་མཛོད་གཞུང་རང་གིས་དཔང་རྟགས་གསལ་པོར་བསྟན་པ་ལས་གུས་པ་བཙན་ཤེད་ཀྱིས་མཐའ་ལ་བཀར་བ་གཏན་ནས་མིན། བོན་ལུགས་ཀྱི་མཛོད་དཔེ་འདི་རྩ་འགྲེལ་དང་ཡང་འགྲེལ་བྱུང་རིམ་སྐོར་ལ་འདི་ལྟར་འདོད་དེ། མངོན་པ་མཛོད་རིན་པོ་ཆེ་འཇིག་རྟེན་འདིར་སྲོག་དབུགས་ཀྱི་རྒྱུ་བ་མ་བརྩམ་གོང་ནས་ཞང་བོད་དུ་མཛོད་ཕུགས་ཀྱི་འགྲེལ་བ་ཐོག་མ་གྱུར་བའི་ལྷ་གཤེན་ཡང་དག་གིས་མཛད་པའི་མཛོད་ལྷ་འགྲེལ་དང་། བླ་ཆེན་དྲན་པའི་མཛོད་སྒྲ་འགྲེལ། མཁས་པ་མི་བཞིས་མཛོད་འགྲེལ་སྟོད་སྨད་གཉིས་བཅས་ནི་སློབ་དཔོན་དབྱིག་གཉེན་སྐུ་མ་འཁྲུངས་གོང་དུ་བརྩམས་ཡོད་པ་འདོད་ཀྱི་ཡོད། གཞན་ཡང་མཛོད་ཕུགས་ཀྱི་གཞུང་ཚིག་ཕལ་ཆེར་ཞང་བོད་ཤན་སྦྱར་དུ་གྲུབ་ཡོད་ལ། ལྷག་དོན་བསྐལ་སྲིད་གཉིས་ཀྱི་མཛོད་གནས་ལ་ཞང་ཚིག་ཤད་བར་རེ་ལ་བོད་ཚིག་ཤད་བར་ཐད་ཀར་བཀྲལ་རྒྱུ་ཡོད་པས་ད་ལྟའི་ཆར་རྒྱལ་བའི་བཀའ་རིན་པོ་ཆེ་ཁོངས་སུ་ཞང་བོད་ཤན་སྦྱར་ལུས་པའི་མཚན་གཞི་འདི་ཙམ་ཡིན་པ་མ་ཟད། ཚིག་སྦྱོར་ཐད་ནས་གནའ་བོའི་འབྲི་སྲོལ་ཆེས་རྙིང་པ་མང་དག་ཞིག་ལྷག་ཡོད་པ་དང་། བརྗོད་བྱ་ཐད་ནས་གནའ་སྲོལ་གྱི་སྒྲུང་མ་གཏམ་མང་ཞིང་མགོ་བརྙན་ཅན་ནས་རིམ་པར་ད་ལྟའི་མི་རབས་འབྱུང་མངོན་ཡོད་ཅིང་། ཚད་མ་རིག་པའི་ལམ་ནས་ལོ་ཟླ་དང་དཔག་ཚད་གྲུབ་ཚུལ་འདི་ཉིད་དངོས་སྟོབས་ཀྱི་རིག་པའི་གཞལ་ཐུབ་ལ། ཉི་ཟླ་འཁོར་བགྲོད་སོགས་གནའ་སྲོལ་གྱི་བརྗོད་གཞི་སྣ་མང་ཅན་གྱི་མཛོད་དཔེ་འདི་ཉིད། འདས་པའི་དུས་རབས་ཀྱག་ཀྱོག་ནང་དུ་ནུབ་ལ་ཁད་ནས་ཤར་བ་དང་། གཟིམས་ལ་ཁད་ནས་ལངས་པ་ལྟ་བུའི་ད་ལྟའི་ཆར་ལོ་རྒྱུས་ཀྱི་རྒྱབ་རྟེན་གཙིགས་ཆེན་ཞིག་ཏུ་མེས་པོ་ཚོས་སྲུང་སྐྱབས་ཐུབ་པས་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་པ་ཡིན་ནོ།།

 སློབ་དཔོན་དབྱིག་གཉེན་མཆོག་གིས་མཛད་པའི་མངོན་པ་མཛོད་ནི་བྱེ་བྲག་བཤད་ཆེན་མོ་ལས་བཏུས་པར་བཤད་ཡོད་ལ། བྱེ་བྲག་བཤད་མཛོད་ཆེན་མོ་གཅིག་པུར་མ་ངེས་པར་དཔེ་གཞུང་འདྲ་མིན་ལ་གཟིགས་ཞིབ་བྱས་ཏེ། བརྩམས་པ་ཞིག་ཏུ་གང་ནས་དཔྱད་ན་རྣམ་པ་གསལ་པོར་འདུག བཤད་མཛོད་ཆེན་མོའམ་བཤད་མཚོ་ཆེན་མོ་ནི་སྔོན་དགྲ་བཅོམ་པ་རྣམས་ཀྱིས་མངོན་པ་སྡེ་བདུན་དང་འདུལ་བའི་ལུང་སྡེ་བཞིའི་གནད་བསྡུས་གཏན་ལ་ཕབ་པར་བཤད་ཡོད། དེ་ཉིད་བོད་སྐད་དུ་ཕྱིས་སུ་རྒྱ་བླ་མ་བློ་བཟང་ཆོས་འཕགས་ཀྱི་རྒྱ་ནག་གི་ཡི་གེ་ནས་བོད་ཡིག་ཏུ་ཡོངས་སུ་བསྒྱུར་བར་བོད་རྒྱ་ཚིག་མཛོད་ཆེན་མོར་གསལ། འོན་ཀྱང་བཤད་མཛོད་ཆེན་མོ་མཇལ་སྐལ་དུ་མ་གྱུར་བས། དེའི་ནང་དུ་ཁ་སྒྲིག་ཆོག་པའི་ཚིག་དེ་དག་ཡོད་མེད་མ་རྟོགས་པས་སྟོང་ཆ་ཞིག་བཀང་མ་ཐུབ། གལ་སྲིད་ཡོད་ན་དེ་ནི་སྟོན་པ་ཤཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་རྗེས་བརྩམས་གནང་བ་ཞིག་མངོན། སློབ་དཔོན་དབྱིག་གཉེན་མཆོག་འཁྲུངས་ཡུལ་རྒྱ་གར་ཡིན་ཀྱང་རིག་པའི་རྩལ་སྟོབས་རྒྱས་ས་ཁ་ཆེའི་ཡུལ་ཡིན་པ་དང་། ༼ཁ་ཆེ༽ཞེས་པ་སྐབས་དེ་དུས་ཞང་ཞུང་སྟོད་ཕྱོགས་ཀྱི་ས་མཚམས་སུ་ཁེལ་བ། ༼ཀཱ་ཤཱི་མིར།༽{Kashmir}ཞེས་པའི་ཕྱོགས་དེར་ངོས་འཛིན་ཅིང་། འདི་ལ་འབྲི་ཚུལ་མི་འདྲ་བ་འགའ་ཡོད་དེ། ༼ཀ་ཤཱི་མིར༽༼ཀ་ཤྨིར༽ ༼ཁ་ཤྨིར༽ཞེས་པའི་སྒྲ་ཚིག་འགྱུར་ནས་བོད་སྐད་དུ་༼ཁ་ཆེ༽ཞེས་སྒྲ་ཟུར་ཆགས་པར་བཤད{38}། སྤྱིར་༼ཀ་ཤཱི་མིར༽ཞེས་པ་ལེགས་སྦྱར་སྐད་དང་རྒྱ་གར་འདྲེས་མར་སྣང་ཞིང་གཙོ་ཆེར་གུར་གུམ་གྱི་སྐད་དོད་ཡིན་པ་དང་། དེ་དང་ཕྱོགས་མཚུངས་ད་ལྟའི་བལ་པོའི་དམངས་ཁྲོད་དུ་མཚལ་རྒོད་ལ་ཀ་ཤཱི་མིར་བཤད་པ་མྱོང་བས་གྲུབ། ཡུལ་དེར་སྐྱེས་པའི་སྐད་གྲགས་ཆེ་བའི་གུར་གུམ་མམ་ཀ་ཤཱི་མིར་ཞེས་པའི་མིང་དེ་ཡུལ་ལ་ཐོགས་པས། ཡུལ་དེའི་མི་ལ་ཁ་ཆེ་བ་དང་། དེའི་ཆོས་ལུགས་ལ་ཁ་ཆེའི་ཆོས་ལུགས་ཞེས་དམངས་ཁྲོད་དུ་འབོད་སྲོལ་ཆགས་པ་ཞིག་རེད་སྙམ། སྐབས་དེ་དུས་ཞང་ཞུང་ནི་དར་རྒྱས་ཆེ་བའི་དམག་ཁྲི་སྡེ་དང་བོད་དུ་དམག་སྟོང་སྡེ་ཙམ་དུ་བཤད་པའི་དུས་སྐབས་ཡིན་སྟབས། ཞང་ཞུང་ལ་བོན་བསྟན་དར་ཆེ་བའི་སྒང་ཡིན་པ་དང་། བོན་གྱི་ཡིག་ཚང་ནས་ཞང་ཞུང་བར་པ་རྒྱ་མཁར་བར་ཆོད་དམ་ཏ་ཟིག་ནི་ཨ་རབ་པའི་ཡུལ་ཟུར་རུ་བཤད་པ་སོགས། མདོར་ན་ཞང་ཞུང་དང་ཀ་ཤཱི་མིར་གཉིས་ས་འབྲེལ་ཡིན་པ་སོགས་ལ་གཞིགས་ན། དབྱིག་གཉེན་མཆོག་ཞང་ཞུང་གི་ཤེས་རིག་དང་འབྲེལ་བ་བྱུང་ནས་། མཛོད་ཕུགས་ཀྱི་བསྐལ་པ་དགུ་ནས་བསྐལ་ཆེན་བཞི་དང་། སྣོད་བཅུད་ཀྱི་བརྗོད་བྱ་གལ་གནད་ཅན་འགའ་ཞིག་མཛོད་ཕུགས་ནས་ལེགས་བསྡུས་བྱས་པའི་གནད་ཀྱིས་ད་ལྟའི་ཁ་སྒྲིག་ཆོག་པའི་ཚིག་འདི་རྣམས་བྱུང་བར་ཞིག་ཨེ་ཡིན་ནམ་སྙམ།

གཞན་ཡང་མཛོད་དཔེ་གཉིས་ཆ་བོད་དུ་བསྒྱུར་རྗེས་གཅིག་གིས་གཅིག་ནས་བསྒྱུར་བཤུས་བྱས་ཚུལ་དྭོགས་གཞི་འབྱུང་སྲིད་ཀྱང་དེ་ལྟར་ན་དབྱིག་གཉེན་གྱི་སློབ་མས་བརྩམས་གནང་བའི་མངོན་མཛོད་ཀྱི་འགྲེལ་བ་རྒྱ་དཔེ་ཅན་རྣམས་ལས་སྣོད་བཅུད་དང་བསྐལ་སྲིད་སྐོར། དེ་བཞིན་དཔག་ཚད་བརྩམ་ཚུལ། དབྱར་དགུན་ཉིན་མཚན་རིང་ཐུང་དང་། ཉི་མ་ལྷོར་བགྲོད་དང་བྱང་བགྲོད་སོགས་ཀྱི་རྣམ་བཞག་འཆད་རྒྱུ་མེད་དགོས་པ་དང་། ཁོང་རྣམས་པས་དེ་རྣམས་སྤྱོད་ཡུལ་མ་གྱུར་བ་གནས་སྟངས་མང་པོ་ཞིག་འབྱུང་བར་གདོན་མི་ཟ།  

དེས་ན་རྨོངས་འཆར་གྱི་བློས་བསླངས་བའི་དཔྱད་རྩོམ་ཐུང་ངུ་འདི་ནི། གནའ་དེངས་དཔྱོད་རིག་ཕྲ་མོས་ཞིབ་འཐག་བསྦྲུས་པ་ཞིག་མིན་ལ། དེ་བས་ཚད་ཐུབ་ཀྱིས་དཔྱད་གསུམ་ལམ་ནས་དྲངས་པ་ཞིག་གཏན་ནས་མིན་པར་རང་སེམས་རྟོག་འགྱུ་གཉོམ་པོས་འདས་སོང་གི་གསང་མཐིལ་དུ་ཉུལ་བའི་རྗེས་ཤུལ་ཞིག་ལགས་ན་ཀློག་པ་པོའི་དགོངས་འཛོལ་རིགས་མཆིས་ན་ཇི་བཞིན་ལམ་སྟོན་ཡོང་བར་ཞུ།

 དཔྱད་གཞིའི་དཔེ་ཁུངས་དང་ཟུར་མཆན་གསལ་བཤད

 ༡༽{1} {2}{4}{5}{6}{8} སྲིད་པའི་མཛོད་ཕུགས་ཀྱི་རྩ་འགྲེལ་གྱི་དབུ་འཆད་ལོ་རྒྱུས་མདོར་བསྡུས། ཤོག་ངོས། {༢} {༣} {༣} {༣}{༣}  {༤} དེབ་གཟུགས། སྤྱི་ལོ་༡༩༩ལོར་རྒྱ་གར་ཝཱ་ཎ་བོན་གྱི་དགེ་སློང་ཁང་ནས་དཔར་བསྐྲུན་བྱས།

༢༽{3} ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། ཤོག་ངོས།  དེབ་གཟུགས། མི་རིགས་དཔེ་བསྐྲུན་ཁང་། ༡༩༨༥ལོར་པར་བསྐྲུན། མཛད་པ་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན།

༣༽{7} སངས་རྒྱས་བསྟན་རྩིས་ངོ་མཚར་ནོར་བུ་ཕྲེང་བ། ཤོག་ངོས། དཔེ་གཟུགས། དཔེ་བསྐྲུན་ཁུངས་བོན་གཞིས་ཐོབ་གསར། མཛད་པ་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན།

   ༤༽{9} སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་རྣམ་ཐར་མདོར་བསྡུས་དེབ་གཟུགས།ཤོག་ངོས{2}།  མཛད་པ་པོ་ཡེ་ཤེས་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།

༥༽{10}བསྟན་རྩིས་ཀུན་ལས་བཏུས་པ། དེབ་གཟུགས། མཛད་པ་པོ་ཚེ་ཏན་ཞབས་དྲུང་། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་བཏོན།

༦༽{11}{13} {15} {17} {19} {21} {25} {27} {31} {33} {36}  སྲིད་པའི་མཛོད་ཕུགས། ཤོག་ངོས། {} {}{༡༦} {༢༣} {༢༣} {༢༤} {༢༥} {༢༥} {༢༦} {༣༤} {༣༥}དེབ་གཟུགས། གསུང་པོ་སྟོན་པ་གཤེན་རབ་མི་བོ། སྤྱི་ལོ་༡༩༩༣ལོར་རྒྱ་གར་ཝཱ་ཎ་བོན་གྱི་དགེ་སློང་ཁང་ནས་དཔར་བསྐྲུན་བྱས།

༧༽{12} {14} {16} {18} {20} {22} {26} {28} {32} {34} {37}  ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ། ཤོག་ངོས། {} {༡༩}{༢༩}{༢༤} {༢༤} {༢༥} {༢༠} {༢༦} {༢༦} {༢༩} {༢༩}  དེབ་གཟུགས། མཛད་པ་པོ་སློབ་དཔོན་དབྱིག་གཉེན། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།

བདེན་པ་བོན་གྱི་༨༽{30}མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཤོག་ངོས། {༡༡༠} དེབ་གཟུགས། མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ།   སྤྱི་ལོ་༡༩༩༣ལོར་རྒྱ་གར་ཝ་ན་བོན་གྱི་དགེ་སློང་ཁང་ནས་དཔར་བསྐྲུན་བྱས།

༩༽{29} དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་ཐར་ལམ་གསལ་བྱེད། དེབ་གཟུགས། མཛད་པ་པོ་རྒྱལ་བ་དགེ་འདུན ་གྲུབ་པ། རྒྱ་གར་ཝཱ་ཎ་ནས་དཔར་བསྐྲུན།

༡༠༽{29} ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་དབྱིག་གཉེན་དགོངས་པ་གསལ་བའི་སྒྲོན་མེ། དེབ་གཟུགས། མཛད་པ་པོ་འཇམ་དབྱངས་བློ་གཏེར་དབང་པོ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།

༡༡༽{24}སྲིད་པའི་མཛོད་ཕུག་གི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། ཤོག་ངོས། {༧༢}དེབ་གཟུགས། མཛད་པ་པོ་མཉམ་མེད་ཤེས་རབ་རྒྱལ་མཚན། དཔེ་བསྐྲུན་ཁུངས་རྒྱ་གར་བོན་གཞིས། སྤྱི་ལོ་༢༠༠༦ལོར་བཏོན།

༡༢༽{23}བདེན་པའི་མཛོད་ཕུག་རྣམ་པར་འབྱེད་པའི་ལྡེ་མིག ཤོག་གྲངས།{༡༢༠} ེབ་གཟུགས། ། མཛད་པ་པོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། དཔེ་བསྐྲུན་ཁུངས་སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། ༢༠༠༥ལོར་བཏོན།

༡༣༽{35}དུང་དཀར་ཚིག་མཛོད་ཆེན་མོ། ཤོག་ངོས།༡༢༨༧ དེབ་གཟུགས། ཀྲུང་གོ་བོད་རིག་པ་དཔེ་བསྐྲུན་ཁང་ནས་༢༠༠ལོར་བསྐྲུན།

༡༤༽{38}བོད་དབྱིན་ཚིག་མཛོད། དེབ་གཟུགས། རྒྱ་གར་ནང་པར་བསྐྲུན།

༡༥༽མཛོད་གནས་བཅུ་བདུན་གསལ་བའི་འགྲེལ་བ་པོད་སྟོད་སྨད་གཉིས། མཛད་པ་པོ་མཁས་པ་མི་བཞི། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།

 ༡༦༽བཀའ་བརྟེན་འགྱུར་དཀར་ཆག་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ། དེབ་གཟུགས། མཛད་པ་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན། རྒྱ་གར་སྨན་རི་དགོན་ནས་པར་དུ་བསྐྲུན།

 ༡༧༽བོད་ཀྱི་སྒྲ་བསྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། དེ་གཟུགས། མཛད་པ་པོ་དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ། མི་རིགས་དཔེ་བསྐྲུན་ཁང་ནས་བཏོན། །

 

༧ དཔྱད་རྩོམ་འདི་ནི་ཐོག་མར་སྤྱི་ལོ་༢༠༠༣ལོར་དབྱིན་ཇི་ལོ་ཌོན་ཉེ་མཁྲིས་ཀྱི་མཐོ་སློབ་ཨོ་སི་ཕྷོ་ཌི་{oxford university}ལ་རྒྱལ་སྤྱི་བོད་རིག་པ་གྲོས་ཚོགས་བཅུ་པའི་ཐོག་སྒྲོགས་སྦྱོང་ཞུས་པ་དེ་ལ་སྐྱར་བཅོས་ཕྲན་བུ་བྱས་ནེས་སྤེལ་བའོ།།

 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.