ཤིས་སྨོན་རྟགས་བརྒྱད་ཁ་སྤྲོད།
ཡིན་ལུགས་དབྱིངས་ཆེན་བདལ་པ་ཆེ།
སྣང་ངོས་སྒྱུ་གཟུགས་རིགས་བརྒྱའི་བདག
ཤར་ཚུལ་ལས་བཞིའི་སྤྲུལ་གར་བསྒྱུར།
མཆོག་གསུམ་སྐུ་བོས་བྱིན་ཆེན་ཕོབས།
ལྟ་བ་བློ་འདས་བླ་མེད་རྒྱལ།
སྒོམ་པ་སྣང་ཚད་ལམ་དུ་འཁྱེར།
སྤྱོད་པ་འགལ་མེད་གྲོགས་སུ་འཆར།
འབྲས་བུ་སྣང་ཟད་སྟོང་སར་དེངས།
བོན་འཇིག་མ་ལུས་མི་ལུས་མཁྱེན
ཤེས་རབ་ལྷ་དང་མི་གཉིས་པའི། །
ཚེ་རབས་གཏན་གྱི་ཕ་བླ་མས།
སྨྲ་སྒོ་འབྱེད་པའི་ཤེས་རབ་སྩོལ།
དཀར་ཕྱོགས་སྐྱོང་བའི་མ་གཅིག་གཙོ།
རྔམ་འཁྲོས་སྲིད་གསུམ་གཡོ་ཞིང་འདར།
བདག་སོགས་དགེ་ལས་གཞོལ་བ་རྣམས།
བར་ཆད་འཕྲང་སོལ་དུས་ཀུན་སྐྱོངས།
ཁྱུང་སེར་ས་འཛིན་ལྟོ་བ་རུ།
ཞུ་གཡས་གདུང་གི་སྦྲུམ་ཁང་ནས།
གཅིག་དགུ་ཉེར་གཉིས་དུས་བཟང་ལ།
འཁྲུངས་པའི་དྲི་མེད་པདྨ་རྒྱལ།
ཕ་ཁྱིམ་དྲོན་མོའི་སྒོ་ར་ནས།
འབྲི་ཀློག་སྒོ་མོ་དལ་གྱིས་ཕྱེས།
དག་སྙན་སྨན་རྩིས་གཞུང་ཆེན་ཁག
བདག་གིར་བཞེས་པར་གསེར་ཉ་འཁྱུག
གྲུབ་ཆེན་མེ་ཡི་གདན་ས་རུ།
བོན་ཁྲིད་གསན་པའི་རྐང་པ་འཇོག
སྐྱེས་ཆེན་སེང་ཁྱུའི་ཞལ་སྔར་འགྲིམས།
རྟོགས་གྲོལ་གདུགས་ཀྱི་ཤམ་བུ་མཛེས།
ཁྱད་པར་བྱ་བཏང་ཆེན་པོས་ཡིས།
དབྱིངས་རིག་ཁྲིད་སློབ་ལུང་ཟིན་གྱི།
བསྟན་འཛིན་ཉེར་ལྔའི་ཡ་གྱལ་དུ།
མངའ་གསོལ་བུམ་པར་བཅུད་ཀྱིས་གཏམས།
སྒྲུབ་རྒྱུན་བསྟན་སྲོལ་ཤིང་རྟ་ཆེ།
སྒོམ་རྒྱུད་སྐྱོང་བའི་དཔའ་བོ་དངོས།
ཉམས་རྟོགས་རིག་པ་ཁོང་ནས་ཤར།
རྟགས་ཚད་འཁོར་ལོས་ས་གསུམ་གཡོས།
ཁྱུང་སེར་གཞུང་སློབ་བོན་སྦྱིན་སྐབས།
དུས་རླུང་འཚུབ་མས་དྲག་ཆར་བཞུར།
ངུ་མ་རྒོད་ཀྱི་ཚ་རེག་བསྣུན།
ཞལ་ལྕེས་དཔལ་བེའུ་ཚེ་སྲོག་སྤུར།
རྣམ་དཔྱོད་སྤྲིན་གྱི་ལྡིང་ཁུང་ནས།
འཆད་རྩོད་རྩོམ་པའི་གྲུ་ཆར་འཇོ།
བུ་སློབ་སྟོང་གི་ཚལ་དབུས་ནས།
མཁས་གྲུབ་དུ་མས་སྙན་དུང་འབུད།
སྐྱེས་སྦྱོང་རིག་པའི་རྣམ་དཔྱོད་ཀྱིས།
གཞུང་བརྒྱའི་དཀའ་གནད་ཐོལ་གྱིས་བཀྲོལ།
དོན་མྱོང་ཕྱེ་མར་འཐགས་པའི་ལུང་།
པར་བཏབས་རྒྱལ་མཚན་སྒྲེངས་འདི་ཤིས།
ཞེས་ངེས་དོན་གྱི་མཁས་དབང་ཞུ་བསོད་ནམས་བསྟན་རྒྱལ་མཆོག་གི་གསུང་འབུམ་པར་བསྐྲུན་གྱི་
ཤིས་སྨོན་དུ་བློ་གྲོས་རབ་གསལ་གྱིས་ཕུལ།