སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་
[ 2015/9/26 18:16:00 | By: lodoe ]
 

སྲིད་པའི་མཛོད་ཕུག་དང་ཆོས་མངོན་པ་མཛོད་བར་དཔྱད་

ཞིབ་བྱས་པའི་ཟིན་ཐོ། །

 

དགེ་བཤེས་བློ་གྲོས་རབ་གསལ།

{ནང་དོན་གནད་བསྡུས།} མཛོད་དཔེ་གཉིས་ཀྱི་བསྟན་དོན་མཚུངས་ས་དང་མི་མཚུངས་སར་དབྱེ་ཞིབ་བསྲེལ་བཀྲོལ་དང་། སོ་སོའི་ལོ་རྒྱུས་དང་འབྲེལ་བའི་བསྟན་དོན་ཇི་ཡིན་དམར་རྗེན་དུ་སྟོན་ཡོད་ལ། གནའ་བོའི་ཚན་རིག་ལམ་ནས་ལོ་ཟླ་ཞག་དུས་དང་དཔག་ཚད་ཀྱི་ཚད་འབྲས་བརྩམ་ཚུལ། གནའ་བོའི་དཔག་ཚད་དང་དེང་གི་སྤྱི་ལེ་མཉམ་སྦྱོིར་ཚད་འབོར་ཇི་ཡོད།   ཞང་བོད་ཚིག་དོན་རྣམས་ལྷན་དུ་ཤན་སྦྱར་བྱས་ནས་ཟུར་དུ་བཀོལ་བ་བཅས།

{བརྡ་ཆད་གཙོ་བོ།} སླུངས་མལ།   ཡ་ཐོག་རིང་མོ། མ་ཐོག་ཐུང་ངུ་།  བསྐལ་ཁུག རི་ནག་དགུ།

བོད་གངས་ལྗོངས་ཀྱི་ཡུལ་འདིར་སྔ་རབས་ནས་ད་ལྟའི་བར་མཛོད་ལུགས་ཞེས་ཡོངས་སུ་གྲགས་པའི་གཞུང་ཆེན་འདི་ལ་རྒྱས་བསྡུས་ཀྱི་འགྲེལ་བ་ཆེས་མང་དག་ཞིག་མཛད་གནང་ཡོད་ནའང་། བྱུང་ཁུངས་ལོ་རྒྱུས་ཀྱི་འཕེལ་རིམ་ཐད་ལ་རྒྱབ་གཤེགས་ཐོག་ནས་དཔྱད་ཞིབ་ནན་ཙམ་བྱེད་དུས། བྱུང་ཁུངས་ཀྱི་ཕྱི་མོ་གཉིས་སུ་ངེས་ཏེ། ཞང་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་གནང་བའི་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་སྲིད་པའི་མཛོད་ཕུགས་དང་། རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་མཛད་པའི་ཆོས་མངོན་པ་མཛོད་ལ་གཉིས་ལ་ཁུངས་ཐུག་པར་སེམས། ད་ལན་གུས་པའི་མཛོད་ཕུགས་དང་མངོན་པ་མཛོད་བར་དཔྱད་ཞིབ་ཀྱི་གོ་བསྡུར་བགྱིས་པའི་ལས་རིམ་འདིའི་ནང་དུ་མཛོད་དཔེ་གཉིས་ཀྱི་ནང་དོན་མཐུན་དང་མི་མཐུན་པ་དང་། དུས་རིམ་སྔ་ཕྱིའི་ལོ་རྒྱུས་བྱུང་ཚུལ། རྒྱབ་ལྗོངས་ཀྱི་བརྗོད་བྱ་བསྟན་རིམ་བཅས་ལ་གོ་བསྡུར་བྱ་རྒྱུ་ནི་དཔྱད་རྩོམ་འདིའི་བརྗོད་བྱའི་སྙིང་དོན་ཡིན་པས། གཞུང་སོ་སོའི་ལོ་རྒྱུས་དང་། བརྗོད་བྱའི་གོ་རིམ། བརྗོད་དོན་གྱི་དབྱེ་ཞིབ་རྣམས་ནི་ཆེས་ནན་བཤད་དགོས་པར་མཐོང་།

དང་པོ།  མཛོད་ཕུགས་བོད་དུ་དར་ཚུལ།

ད་ལྟ་འོ་སྐོལ་གྱིས་ལོངས་སུ་སྤྱོད་པའི་མཛོད་ཀྱི་རྣམ་རིག་གི་ལམ་སྲོལ་འདི་ནི་ཐོག་མར་གསར་དུ་སྲོལ་སྟོན་མཁན་སྟོན་པ་གཤེན་རབ་མི་སོགས་ཡིན་ཅིང་། དེ་ནས་རིམ་བཞིན་ཞང་ཞུང་དང་། རྒྱ་གར་བོད་སོགས་ལ་རིམ་བཞིན་དར་འཕེལ་བྱུང་བ་ཞིག་རེད། དེས་ན་མཛོད་དཔེ་ཀུན་གྱི་ཐོག་མར་བོན་གྱི་བཀའ་འགྱུར་ནང་དུ་ཡོད་པའི་༼སྲིད་པའི་མཛོད་ཕུགས༽ནི་ཐོག་མར་སྟོན་པ་གཤེན་རབ་མཆོག་གིས་ཞང་ཞུང་སྤོས་རི་ངད་ལྡན་གྱི་རི་བོར་སློབ་མ་ཉན་འཁོར་སྡེ་བརྒྱད་དང་། སྡུད་འཁོར་གཤེན་བརྒྱད། ཞུ་འཁོར་གཤེན་བརྒྱད་བཅས་ལ་གསུངས{1}། ཞུ་འཁོར་གཤེན་ཀྱི་ནང་ནས་ཚངས་པ་གཙུག་ཕུད་ཀྱིས་སྤང་ལ་ནམ་གཤེན་ལ་བརྒྱུད། དེས་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་གཉེར་དུ་གཏད། དེས་ཞད་ཞུང་ཨ་ནུ་ཕྲག་ཐག་ལ་བཤད། དེས་ཞང་ཞུང་སད་ནེ་གའུ། མུ་ཁྲི་བཙན་པོ། ཧ་ར་ཅི་པར། སྟག་ཝེར་ལི་ཝེར། ཟིངས་པ་མཐུ་ཆེན་སོགས་ལ་རིམ་བཞིན་བརྒྱུད། བོད་སྐད་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་གཉིས་ཀྱིས་སྤྱི་ལོའི་དུས་རབས་B.C.གོང་གི་ལོ་གྲངས་1137 B.C. 683བར་གྱི་དུས་སྐབས་ཤིག་ལ་ཞང་བོད་ས་མཚམས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུའི་འགོར་ཞང་བོད་གཉིས་ཀྱི་ཚིག་གི་ཚོམ་སྡེབས་ཏེ་ཞང་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་བྱས་པར་གསལ{2}། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ནས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་བར་ལོ་གཉིས་བརྒྱ་ཙམ་གྱི་རིང་མཛོད་ཕུགས་འདི་བོད་ཡུལ་དུ་དར་འཕེལ་བྱུང་ལ། བོད་རྒྱལ་གྲི་གུམ་བཙན་པོའི་དུས་སུ་མཛོད་ཕུགས་གཏེར་དུ་སོང་བས་གཏེར་དཔེ་མི་འདྲ་བ་གཉིས་སྣང་། དང་པོ་མཁས་པ་མི་བཞིས་དུས་རབས་ B.C. 632ལ་འབྲིག་མཚམས་མཐའ་དཀར་ལ་གཏེར་སྦས་ནས་ཕྱིས་སུ་གཤེན་ཆེན་ཀླུ་དགས་དུས་རབས་A.D 1017ལོར་གཏེར་བཞེས་པའི་མཛོད་ཕུགས་གཅིག་དང་{3}། ཡང་དམུ་ཚ་གྱེར་མེད་དང་བློ་ར་སངས་ཁོད་རམ་གཉིས་ཀྱིས་B.C. 683ལོར་བྱང་དྭང་ར་ཁྱུང་རྫོང་ལ་གཏེར་སྦས་ནས་ཕྱིས་སུ་གྱེར་མེད་ཉི་འོད་དང་རྨ་སྟོན་སྲིད་འཛིན་གཉིས་ཀྱིས་དུས་རབས་ A.D.1108ལོར་གཏེར་བཞེས་པའི་མཛོད་ཕུགས་{4}དང་གཉིས་གསལ་ཡོད། གྲི་གུམ་བཙན་པོ་ནས་གཤེན་ཆེན་ཀླུ་དགའི་བར་མཛོད་ཕུགས་ཀྱི་གཞུང་གཉིས་གཏེར་དུ་སྦས་ཀྱང་སྤུ་ལྡེས་བོན་བསྟན་སྐྱར་གསོ་མཛད་རྗེས་མཛོད་ཕུགས་ཀྱང་བོད་ཁམས་སུ་དར་ཚུལ་ཡོད་དེ། སྤུས་ལྡེས་ཞང་ཞུང་སོགས་ནས་བོན་གཤེན་རྣམས་བོད་དུ་གདན་འདྲེན་བྱས་ཤིང་། གཏེར་དུ་སོང་བའི་བོན་སྒོ་རྣམས་བསྡུ་རུབ་བྱས་པ་དང་། སྒོས་སུ་བོན་གྱི་མཛོད་སྒོ་མང་པོ་དར་སྤེལ་གནང་བར་བཅས་བཤད་ཡོད། །

སྲིད་པའི་མཛོད་ཕུགས་རྩ་བའི་རྨང་གཞི་བཟུང་ནས་དེའི་རྗེས་འབྲང་གི་མཛོད་རྩ་དང་འགྲེལ་བ་བཅུ་གཉིས་ཙམ་ཡོད་པའི་དང་པོ་མཛོད་ལྷ་གཤེན་ཡང་དག་གིས་མཛད་པའི་མཛོད་ཕུགས་ཀྱི་འགྲེལ་མཛོད་ལྷ་འགྲེལ་{5}གཉེར་མཐིང་གི་གཏེར་མ་ཡིན་སྐད་ད་ལྟར་མཐོང་ཡུལ་དུ་མ་གྱུར། ༢༽ བླ་ཆེན་དྲན་པའི་མཛད་པའི་༼བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག༽བྱང་གཏེར་ཡིན་ད་ལྟར་བཞུགས། ༣༽ མཁས་པ་མི་བཞི་མཛད་པའི་༼མཛོད་གནས་བཅུ་བདུན་གྱི་འགྲེལ་བ{6}༽པོད་བསྟོད་སྨད་གཉིས་ད་ལྟ་བཞུགས། མཛོད་འགྲེལ་འདི་གསུམ་ནི་སྤྱི་ལོའི་དུས་རབས་འགོ་མ་ཚུགས་ཙམ་ཞིག་ཏུ་བརྩམས་པ་ཞིག་ཡིན་ནམ་སྙམ། ༤ ༽བསྟན་པའི་ཕྱི་དར་སྐབས་སུ་བོན་གྱི་ལོ་རྒྱུས་ནས་བྲུ་ཆེན་ནམ་མཁའ་གཡུང་དྲུང་994 1054 གིས་མཛོད་ལ་ཊི་ཀ་བཏབས་ཞེས་གསལ་བས་བྲུ་ཆེན་གྱིས་མཛད་པའི་མཛོད་འགྲེལ་ཞིག་ཡོད་པ་བཤད་{7}ཀྱང་ད་ཆར་མཇལ་ཡུལ་མ་གྱུར། ༥༽ དུས་རབས་བཅུ་གཅིག་སྤྱི་ལོ་1052ལོར་འཁྲུངས་པའི་ཚུལ་ཁྲིམས་དཔལ་ཆེན་གྱིས་མཛད་གནང་བའི་མཛོད་འགྲེལ་ཞིག་{8}གསལ་ཡང་མཇལ་ཡུལ་མ་གྱུར། ༦༽ སྤྱི་ལོ་1145ལོར་འཁྲུངས་པའི་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་སྣོད་བཅུད་གཞུང་དང་མཛོད་འགྲེལ་གཉིས་ཡོད་པ་གསལ་ཀྱང་མཛོད་འགྲེལ་མཇལ་སྐལ་མ་གྱུར། ༧༽ སྤྱི་ལོ་1198  1263ལོར་འཁྲུངས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ་ད་ལྟ་བཞུགས། ༨༽ སྤྱི་ལོ་1242 1290ལོར་འཁྲུངས་པའི་བྲུ་སྟོན་རྒྱལ་བ་གཡུང་དྲུང་གིས་མཛད་པའི་སྣོད་བཅུད་ཀྱི་འགྲེལ་བ་ད་ལྟ་བཞུགས། ༩༽ སྤྱི་ལོ་1336ལོར་འཁྲུངས་པའི་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་མཛད་པའི་མཛོད་རྩ་ཀུན་ལས་བཏུས་པའི་སྲིད་པའི་མཛོད་གཞུང་དང་འགྲེལ་བ་བདེན་པ་བོན་གྱི་མཛོད་སྒོ་རྣམ་པར་འབྱེད་པའི་ལྡེ་མིག་གཉིས་བཞུགས་ཡོད། ༡༠༽ སྤྱི་ལོ་1356 1415ལོར་འཁྲུངས་པའི་རྒྱལ་བ་མཉམ་མེད་ཆེན་པོས་མཛད་པའི་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ད་ལྟ་བཞུགས། ༡༡༽ སྤྱི་ལོ་1360ལོར་འཁྲུངས་པའི་རྒྱལ་ཚབ་རིན་རྒྱལ་མཚན་གྱི་མཛད་པའི་མཛོད་འགྲེལ་འཕྲུལ་གྱི་ཐལ་འཕྲེང་ཞིག་ཡོད་པ་གསལ་ཡང་ད་ལྟ་མཇལ་སྐལ་མ་གྱུར། ༡༢༽ སྤྱི་ལོ་1926ལོར་འཁྲུངས་པའི་སྨན་རི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་མཛོད་རྩ་རྒྱལ་བསྟན་གསལ་རྒྱན་ད་ལྟ་བཞུགས་པ་བཅས་ཡིན།

གཉིས་པ།  ཆོས་མངོན་པ་མཛོད་བོད་དུ་དར་ཚུལ།

ཆོས་མངོན་པ་མཛོད་ཀྱི་དར་ཚུལ་ཐད་ལ་མཚན་དངོས་ནི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ་ཞེས་བརྗོད་ལ། མཛོད་དཔེ་འདི་ནི་སློབ་དཔོན་གབྱིག་གཉེན་གྱིས་བརྩམས་པ་ཞིག་ཡིན། སློབ་དཔོན་དབྱིག་གཉེན་མཆོག་ནི་སྤྱི་ལོའི་དུས་རབས་བཞི་པའི་སྤྱི་ལོ་368ལོར་རྒྱ་གར་ཡུལ་དུ་འཕགས་པ་ཐོག་མེད་དང་ཡུམ་གཅིག་པའི་གཅུང་པོ་རུ་སྐུ་འཁྲུངས།  ལོ་ན་ཅུང་ཙམ་སོན་རྗེས་ནཱ་ལནྡྲའི་དགོན་པ་ལ་ཁྱིམ་སྤང་རབ་ཏུ་བྱུང་བ་དང་། དེ་རྗེས་ཁ་ཆེའི་ཡུལ་དུ་ཕེབས་ཏེ་མཁས་པ་མདུན་བཟང་བསྟེན་{9}པ་དང་། རྣམ་ཐར་གཅིག་ནས་སློབ་དཔོན་སངྒ་བྷ་དྲ་གཙོ་བོར་བསྟན་བཅས་བཤད་འདུག གང་ལྟར་ཁོང་གིས་གཞུང་ལུགས་དུ་མ་ཞིག་སྦྱངས་ཏེ་རིག་པའི་རྩལ་སྟོབས་རྒྱས་ས་ཁ་ཆེའི་ཡུལ་ཡིན་པར་བརྟེན། ཁོང་གིས་མཛད་པའི་བདེན་བཞིའི་གནས་ཚུལ་ཞིབ་ཏུ་སྟོན་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ་བརྩམས་རྗེས་སློབ་དཔོན་མདུན་བཟང་ལ་ལེགས་སྐྱེས་ཚུལ་དུ་སྤྲིངས་བས། སློབ་མ་དག་གིས་ལོ་དང་གྲགས་ལ་སོགས་པ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ་ཞེས་སྨྲས་པ་དང་། སློབ་དཔོན་གྱིས་ཁོང་བསྟན་བཅོས་བརྩམ་པར་མཁས་པའི་ཚིག་རྒྱན་ཡིན་ཚུལ་གསུངས་ཏེ་ཤིན་ཏུ་མཉེས་ནས་འདི་ལ་རང་འགྲེལ་དགོས་པའི་བསྐུལ་མ་ལྟར་རང་འགྲེལ་ཞིག་མཛད་པ་གསལ། དེ་རྗེས་མངོན་པ་མཛོད་འདི་རྒྱ་གར་མཁས་པ་ཛི་ན་མི་ཏྲ་དང་། བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་བནྡེ་དཔལ་རྩེགས་གཉིས་ཀྱིས་རྒྱ་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་མཛད་ལ། ལོ་ཙཱ་བ་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་རྙེད་མ་ཐུབ་པས་བསྒྱུར་དུས་ཀྱི་ལོ་ཚིགས་ངེས་གཏན་ཞིག་བཤད་མ་ཐུབ་ཀྱང་། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་ལས་{10}ཛི་ན་མི་ཏྲ་ཁྲི་རལ་དུས་སུ་བོད་དུ་བྱོན་མྱོང་བ་བླ་བྲང་གདན་རབས་ལས་གསལ་ཞེས་ལུང་དྲངས་པ་བལྟས་ན་མངོན་མཛོད་འདི་དུས་རབས་དགུ་པ་ཙམ་ལ་བོད་བསྒྱུར་བྱས་པ་ཞིག་ཡིན་ནམ་སྙམ།

གསུམ་པ།  མཛོད་དཔེ་གཉིས་ཀྱི་གཞུང་དོན་བསྟན་རིམ་སྐོར་ལ་དཔྱད་པ།

ད་ལན་གོ་བསྡུར་བྱ་རྒྱུའི་མཛོད་དཔེ་ནི་རྒྱ་གར་ཝ་ཎ་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ལྷན་ཁང་ནས་སྤྱི་ལོ་1993ལོར་དཔར་བསྐྲུན་གནང་བའི་༼སྲིད་པའི་མཛོད་ཕུགས༽དེབ་གཟུགས་ཤོག་ལྷེ་61གི་བདག་ཉིད་ཅན་འདི་དང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་བཏོན་པའི་༼མངོན་པ་མཛོད་ཀྱི་རྩ་འགྲེལ༽ ཞེས་པའི་ནང་ནས་༼ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ༽དེབ་གཟུགས་ཤོག་ལྷེ་38ཡོད་པའི་མཛོད་དཔེ་འདི་གཉིས་གཙོ་བོའི་དཔྱད་གཞི་ཡིན། ཐོག་མར་མཛོད་དཔེ་འདི་གཉིས་ཀྱི་དབུ་ཡི་མཚན་དོན་སྐབས་སྐད་རིགས་མི་གཅིག་པའི་ཞང་རྒྱ་གཉིས་ཀྱི་ཡུལ་གྲུ་ནས་ཕབ་བསྒྱུར་བྱས་པའི་དན་རྟགས་སུ་མཛོད་ཕུགས་{11}ནས། ཞང་སྐད་དུ། ༼ཏི་ཀ་རྒྱ་སེ་ལིག་མིན་རྐྱ།༽ཞེས་བོད་སྐད་དུ། ༼སྲིད་པའི་མཛོད་ཕུགས་ཞལ་ཕྱེས་ནས༽ཞེས་འབྱུང་། དེ་ཡང་། ཏི་ཀ་ནི་ཕུགས། རྒྱ་སེ་ནི་མཛོད། ལིག་མིན་རྐྱ་ནི་སྲིད་པ་ཞལ་ཕྱེས་ཞེས་སོ། །མངོན་པ་མཛོད་ནས{12}རྒྱ་གར་སྐད་དུ། ༼ཨ་བྷི་དྷ་རྨ་ཀོཥ་ཀཱ་རིཀ༽ ཞེས་པ་བོད་སྐུད་དུ། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ༽ཞེས་གསལ། དེ་ཡང་། ཨ་བྷི་ནི་མངོན་པ། དྷ་རྨ་ནི་ཆོས། ཀོཥ་ནི་མཛོད། ཀཱ་རིཀཱ་ནི་ཚིག་ལེའུ་བྱས་པ་ཞེས་གོ་དོན་བཀྲལ་ཡོད། དེ་ཡང་མཛོད་དཔེ་འདི་གཉིས་མཛོད་དཔེ་ཀུན་གྱི་ཕྱི་མོ་ཡིན་པས་འགོ་ནས་མཇུག་བར་ཚིག་བཅད་བདུན་ཚིག་ཅན་ཁོ་ནར་ཡིན་པར་གཅིག་ཀྱང་། མཛོད་གནས་གྲངས་འདྲེན་དང་། བརྗོད་བྱ་བསྟན་ཚུལ་ཐད་ལ་མི་མཚུངས་ཏེ། སྲིད་པའི་མཛོད་ཕུགས་ནས་མཛོད་གནས་བཅུ་བདུན་གྱི་སྒོ་ནས་བརྗོད་བྱ་འཆད་པ་དང་།  ཆོས་མངོན་པ་མཛོད་ནས་མཛོད་གནས་བརྒྱད་ཀྱི་སྒོ་ནས་བརྗོད་བྱ་འཆད་པ་ཞིག་རེད་འདུག

མཛོད་གནས་བཅུ་བདུན་ནི། མཛོད་ཕུགས་༣ལས{13}།  ཞང་སྐད་དུ། ༡༽ ལིག་མུན་ནེ་སུམ་མུ་གུང་ནི། བོད་སྐད་དུ། ཡོད་པ་སྲིད་པ་གསུམ་གྱི་མཛོད། ༢ ༽དུས་ཁྲུན་དུ་གུ་མུ་གུང་ནི། མེད་པ་བསྐལ་པ་དགུ་ཡི་མཛོད། ༣༽ མུ་ཧེ་བིང་ང་མུ་གུང་ནི། མི་གཡོ་དབྱིངས་ནི་བཞི་ཡི་མཛོད། ༤༽ ཧ་ར་ང་དྲུག་མུ་གུང་ནི། གསལ་བ་ཡེ་ཤེས་ལྔ་ཡི་མཛོད། ༥༽རྐོ་རྭང་བིང་ང་མུ་གུང་ནི། ཀུན་གནས་སྣོད་ནི་བཞི་ཡི་མཛོད། ༦༽ཏི་བང་སུམ་པའི་མུ་གུང་ནི། སྐྱེ་འཕེལ་བཅུད་ནི་གསུམ་གྱི་མཛོད། ༧༽ སྤུང་ཤེ་ང་དྲུག་མུ་གུང་ནི། གཅོད་བྱེད་དབང་པོ་དྲུག་གི་མཛོད། ༨༽ དམུ་ཐུག་༼དུག༽སུམ་པའི་མུ་གུང་ནི། ཕྲ་རྒྱས་དུག་ནི་གསུམ་གྱི་མཛོད། ༩༽ ཐ་ཚར༼ཙར༽ནེ་སུམ་མུ་གུང་ནི། རྟེན་གནས་འབྲེལ་བ་གཉིས་ཀྱི་མཛོད། ༡༠༽ ཐ་དོད་ནེ་སུམ་མུ་གུང་ནི། འདུས་པའི་ཕུང་པོ་གཉིས་ཀྱི་མཛོད། ༡༡༽ བི་རྒྱམ་སྣིས་གྱེར་མུ་གུང་ནི། མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད། ༡༢༽ རྐོ་ཕུང་ནེ་སུམ་༼སུམ་པའི༽མུ་གུང་ནི། རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད། ༡༣༽ ཞམ་༼ཞལ༽གེ་ནེ་སུམ་མུ་གུང་ནི། རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད། ༡༤༽ ལེན་གེ་ང་དྲུག་མུ་གུང་ནི། ལས་དང་སྤྱོད་པ་ལྔ་ཡི་མཛོད། ༡༥༽ ས་རྒྱུ་༼སང་རྒྱུང༽བིང་ང་མུ་གུང་ནི། འགྲོ་བའི་ལམ་ནི་བཞི་ཡི་མཛོད། ༡༦༽ སྐྱེས་སླས་སུམ་པའི་མུ་གུང་ནི། ས་དང་གནས་ནི་གསུམ་གྱི་མཛོད། ༡༧༽ ཁྲི་ཙེ་བིང་ང་མུ་གུང་ནི། བསྒྲུབ་པའི་འབྲས་བུ་བཞི་ཡི་མཛོད། ཅེས་སོ། །སྤྱིར་ཞང་སྐད་ནས་བོད་སྐད་བསྒྱུར་ཚུལ་རྣམ་གྲངས་དུ་མ་ཞིག་ཡོད་པ་བཤད་ཀྱང་འདི་ནི་ཐད་བསྒྱུར་ཚུལ་ཏེ། ཚིག་དོན་ཁ་ཐུག་བཀྲལ་ཆོག་པས་སོ།།

ལིག་མུན། ཡོད་པ་སྲིད་པ། ནེ་སུམ། གསུམ། མུ་གུང་།  མཛོད། ནི། གྱི། དུས་ཁྲུན།  མེད་པ་བསྐལ་པ། དུ་གུ། དགུ། མུ་གུང་། མཛོད། ནི། ཡི།  མུ་ཧེ། མི་གཡོ་དབྱིངས། བིང་ང་།  བཞི་ཡི།  མུ་གུང་། མཛོད། ནི། ཡི།   ཧ་ར།  གསལ་བ་ཡེ་ཤེས། ང་དྲུག  ལྔ།  མུ་གུང་། མཛོད། ནི། ཡི།  རྐོ་རྭང་།  ཀུན་གནས་སྣོད་། བིང་ང་། བཞི།  མུ་གུང་།  མཛོད། ནི། ཡི།  ཏི་བང་། སྐྱེ་འཕེལ་བཅུད། སུམ་པའི།  གསུམ་གྱི། མུ་གུང་། མཛོད། ནི། ནི།    སྤུང་ཤེ། གཅོད་བྱེད་དབང་པོ། ང་དྲུག  དྲུག  མུ་གུང་། མཛོད།  ནི། གི  དམུ་ཐུག་༼དུག༽ ཕྲ་རྒྱས་དུག སུམ་པའི།  གསུམ་གྱི། མུ་གུང་། མཛོད། ནི། ནི།   ཐ་ཚར༼ཙར༽ རྟེན་གནས་འབྲེལ་བ།  ནེ་སུམ།  གཉིས། མུ་གུང་ མཛོད། ནི། ཀྱི།   ཐ་དོད། འདུས་པའི་ཕུང་པོ། ནེ་སུམ། གཉིས། མུ་གུང་། མཛོད། ནི། ཀྱི།  བི་རྒྱམ། མངོན་རྟོགས་སྐྱེ་མཆེད། སྣིས་གྱེར༼ཏྲུག༽ དྲུག  མུ་གུང་། མཛོད། ནི། གི།   རྐོ་ཕུང་། རྒྱ་ཆེ་ཁམས། ནེ་སུམ་༼སུམ་པའི༽ གསུམ།  མུ་གུང་། མཛོད།  ནི།  གྱི།  ཞམ་༼ཞལ༽གེ རང་འཛིན་མཚན་ཉིད།  ནེ་སུམ། གཉིས། མུ་གུང་ མཛོད།  ནི། ཀྱི།  ལེན་གེ། ལས་དང་སྤྱོད་པ།  ང་དྲུག ལྔ། མུ་གུང་། མཛོད། ནི། ཡི།  ས་རྒྱུ་༼སང་རྒྱུང༽ འགྲོ་བའི་ལམ། བིང་ང་། བཞི། མུ་གུང་། མཛོད། ཡི།  ནི།   སྐྱེས་སླས།  ས་དང་གནས། སུམ་པའི།  གསུམ་གྱི། མུ་གུང་། མཛོད།  ནི། ནི། ཁྲི་ཙེ། བསྒྲུབ་པའི་འབྲས་བུ། བིང་ང་།  བཞི། མུ་གུང་། མཛོད། ནི། ཡི། འདིར་ཚིག་གི་གོ་རིམ་རྣམས་ཞང་སྐད་རིམ་པ་ལྟར་བཀོད་པ་ཡིན།

དེ་ཡང་མཛོད་ཕུགས་ཀྱི་གནས་འཆད་ཚུལ་འདི་ནི་དབྱིག་གཉེན་གྱི་མཛོད་གནས་བཤད་ཚུལ་ལས་ཐུན་མོང་མ་ཡིན་པ་དང་ཆེས་རྙིང་པའི་འཆད་ཚུལ་ཞིག་ཡིན་པ་མ་ཟད། མཛོད་གནས་དེ་དང་དེའི་ནང་གསེས་ལ་དབྱེ་བའི་གྲངས་གང་ཡོད་ཐད་ཀར་ཞང་སྐད་དང་ལྷན་དུ་ཕལ་ཆེར་བསྟན་ཡོད་ལ། མཛོད་གནས་དང་པོའི་བསྟན་དོན་ནི། ཐོག་མར་ནམ་མཁའ་སྟོང་པའི་ངང་དུ་སྣོད་བཅུད་རིམ་བཞིན་གྲུབ་ཚུལ་ལམ་ཆགས་སྟངས་ཡིན་ཅིང་། ཆགས་ཚུལ་ལ་མི་འདྲ་བ་གསུམ་འཆད་རྒྱུ་ཡོད་པས་གནད་ཆ་ནས། ༼ཡོད་པ་སྲིད་པ་གསུམ་གྱི་མཛོད༽ ཅེས་བསྟན། མཛོད་གནས་གཉིས་པ་ལ། སྣོད་བཅུད་ཆགས་ཟིན་པ་རྣམས་ཐ་མ་ཕར་འཇིག་ཚུལ་སྐོར་གཙོ་བོར་བསྟན་པ་དང་། གཞི་གཅིག་གི་ངོ་བོ་གཅིག་བསྐལ་པའམ་མེད་པའི་ཚུལ་ལ་མི་འདྲ་བ་དགུ་ཙམ་ཡོད་པས་མཛོད་གནས་གཉིས་པ་བསྟན་པ་ཡིན། ཆོས་མངོན་པ་མཛོད་ལས་{14}བསྟན་པའི་མཛོད་གནས་བརྒྱད་ནི། ༡༽ཁམས་བསྟན་པའི་གནས། ༢༽ དབང་པོ་བསྟན་པའི་གནས། ༣༽འཇིག་རྟེན་བསྟན་པའི་གནས། ༤༽ ལས་བསྟན་པའི་གནས། ༥༽ཕྲ་རྒྱས་བསྟན་པའི་གནས། ༦༽ གང་ཟག་བསྟན་པའི་གནས། ༧༽ ཡེ་ཤེས་བསྟན་པའི་གནས། ༨༽ སྙོམས་འཇུག་བསྟན་པའི་གནས། ཞེས་སོ། །

མངོན་པ་མཛོད་ནས་བརྗོད་བྱ་གནས་ཀྱི་གོ་རིམ་འཆད་སྟངས་དང་། རྗོད་བྱེད་རྩོམ་ལུས་སོགས་ནི་མཛོད་ཕུགས་དང་མི་མཚུངས་པས། གནས་བརྒྱད་ཀྱི་གོ་རིམ་འཇོག་ཚུལ་དེ། དགོས་མེད་ཅིག་མིན་ཀྱང་། ཐོག་མར་ཁམས་ཀྱི་གནས་ནས་དབུ་བརྩམས་ཏེ་མཐར་ཐུན་མོང་སྙོམས་འཇུག་གི་གནས་ནས་མཇུག་རྫོགས་པའི་ཚུལ་དུ་སྣང་། མཛོད་ཕུགས་ནས། ནམ་མཁའ་སྟོང་པའི་ངང་དུ་ཐོག་མར་སྣོད་བཅུད་གྲུབ་ཚུལ་ནས་དབུ་བརྩམས་ཏེ་མཐར་ས་ལམ་གྱི་གྲུབ་པའི་འབྲས་བུ་བཞི་ནས་མཇུག་རྫོགས་པའི་ཚུལ་བཤད་པ་ནི། སྣོད་བཅུད་འཕེལ་འགྲིབ་འབྱུང་ལུགས་ལ་ལྟོས་ཏེ་མཛོད་གནས་ཀྱི་གོ་རིམ་བསྟན་པར་ཆེས་ཉིང་དགོས་ལྡན་པ་ཞིག་ཏུ་བརྩིས་ཆོག་པར་སོམས།

གསུམ་པ། མཛོད་དཔེ་གཉིས་ཀྱི་ནང་དོན་མཐུན་མིན་སྐོར་ལ་དཔྱད་པ།

སྤྱིར་མཛོད་དཔེ་གཉིས་ཀྱི་ནང་དོན་ལ་རྟེན་ཕྱི་སྣོད་དང་བརྟེན་པ་ནང་བཅུད། གང་ཟག་གི་ལུས་ཚད། ཚེའི་གནས་ཚད། སེམས་དང་སེམས་འབྱུང་རྣམས་ཀྱི་ཡུལ་ལ་འཇུག་ལྡོག་བྱེད་ཚུལ། འཁོར་འདས་ཀྱི་ཡིན་ལུགས། གཞི་ལམ་འབྲས་གསུམ་སོགས་ཀྱི་རྣམ་བཞག་བཤད་ཚུལ་འདྲ་ཡང་། མཛོད་ཕུགས་ཀྱི་བསྟན་དོན་ཕལ་ཆེར་ཐེག་ཆེན་གྱི་ལུགས་ལྟར་བཤད་པ་སྟེ། གཞི་ལ་ཐེག་ཆེན་གྱི་གནས་ལུགས་དང་། ལམ་ལ་ཕ་རོལ་ཕྱིན་བཅུ། འབྲས་བུ་སྐུ་གསུམ་གྱི་གོ་འཕང་བརྙེས་ཚུལ་བཅས་པ་དངོས་སུ་བསྟན་ལ། མངོན་པ་མཛོད་ཀྱི་བསྟན་དོན་ཕལ་ཆེར་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་བཞིན་ཡིན་པ་དབྱིག་གཉེན་མཆོག་གིས་མཛོད་མཇུག་དུ་གསུངས་པ་མ་ཟད། གཞུང་རང་ངོས་ནས་ཀྱང་། སོར་ཐར་གྱི་སྡོམ་པ་བསྙེན་གནས་དང་དགེ་བསྙེན་སོགས་ཀྱི་སྡོམ་པ་གཏོང་ཐོབ་དང་། བསྒྲུབ་བྱ་གཙོ་བོ་གཞི་ལ་བདེན་པ་བཞི་དང་། སྒྲུབ་བྱེད་ལམ་ལ་མཐོང་ལམ་ཡེ་ཤེས་བཅུ་དྲུག་རིམ་བཞིན་སྐྱེ་ཚུལ། ཞུགས་འབྲས་བརྒྱད་ཀྱི་རྣམ་བཞག་ཐེག་དམན་གྱི་བཤད་ཚུལ་འདི་རྣམས་མངོན་པ་མཛོད་ཀྱི་ཐུན་མིན་བརྗོད་བྱ་ཞིག་ཏུ་བརྩི་ཆོག མཛོད་ཕུགས་ཀྱི་གནས་དང་པོ་ཡེ་སྲིད་དང་། བྱེས་བྱས། རྒྱུ་མཐུན་འབྱུང་བའི་སྲིད་པ་གསུམ་གྱི་ཕྱི་སྣོད་ཆགས་པ་དང་ནང་བཅུད་གྲོལ་ཚུལ། མཛོད་གནས་གསུམ་པ་དབྱིངས་བཞིའི་མཁའ་ཀློང་དབྱིངས་གསུམ་དང་། དཔེ་དོན་རྟགས་གྱི་གནས་ལུགས། མཛོད་གནས་གཉིས་པའི་བསྐལ་པ་ནས་བསྐལ་ཆེན་བཞི་ཙམ་མིན་པར་བསྐལ་པ་དགུ་ཡི་རྣམ་བཞག་སྐོར། མཛོད་གནས་བདུན་པ་ནས་གཙོད་བྱེད་དབང་པོ་དྲུག་གི་ནང་གསེས་ཁྱད་བོན་དབྱེ་ཚུལ། མཛོད་གནས་བཅུ་དྲུག་ནས་གཡུང་དྲུང་ཐེག་པའི་ས་བཅུ་སོགས་ཀྱི་བསྟན་ཚུལ་འདི་རྣམས་མཛོད་ཕུགས་ཀྱི་ཐུན་མིན་བསྟན་དོན་ཞིག་ཏུ་བརྗོད་ཆོག  འོན་ཀྱང་ཆེས་ཡ་མཚན་པ་ཞིག་ནི་མཛོད་དཔེ་འདི་ཉིད་གསུང་མཁན་གྱི་གང་ཟག་དང་། གསུངས་སའི་གནས། གསུང་བའི་དུས་སྐབས། བོད་སྐད་དུ་བསྒྱུར་གཞིའི་སྐད་ཡིག  བརྒྱུད་རིམ་གྱི་ལོ་རྒྱུས་མི་གཅིག་པ་ཤ་སྟག་བྱུང་ཡང་མཛོད་དཔེ་གཉིས་ཀྱི་ཚིག་དོན་རེ་རེ་བཞིན་གོ་བསྡུར་གྱིས་དཔྱད་ཞིབ་བྱེད་དུས། ཚིག་ཁ་སྒྲིག་ཆོག་པའི་གཞུང་ཚིག་གང་མང་ཞིག་ཡོད་པས་མཛོད་གནས་ཁ་ཤས་གཅིག་གིས་གཅིག་ནས་བཀའ་གཡར་ཞུས་པའམ་བསྒྱུར་བཤུས་བྱས་པ་མངོན་གསལ་དོད་པོར་སྣང་།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.