སྔོན་གླེང་།
གཡུང་དྲུང་བོན་བསྟན་གསོ་བའི་སྤྱི་རྗེ། །
ཁྱུང་གསུམ་བླ་སྡེ་དཔོན་གྱི་རྩ་བླ། །
སེམས་རིག་དབྱེར་མེད་འདྲེས་པའི་རྣལ་འབྱོར། །
དུས་སྙིགས་གྲུབ་རྩལ་མངའ་བའི་སྒྲོན་མེ། །
ཞེས་དཀའ་སྤྱད་སྙིང་རུས་ལྡན་པའི་སེམས་དཔའ་ཆེན་པོ་མེ་སྟོན་བླ་རབས་བརྒྱད་པ་ལྷུན་ གྲུབ་རྒྱལ་མཚན་མཆོག་གི་སྐུ་ཚེའི་འཕེལ་རིམ་ཁྲོད་དཀའ་སྤྱད་སྙིང་རུས་དང།བསྟན་འགྲོའི་སླད་ དུ་དགོན་སྡེ་རི་ཁྲོད་བཞེངས་སྟངས།བཤད་སྒྲུབ་འཆད་ཉན་གྱི་སྲོལ་བཙུགས་ཚུལ།
རང་དོན་མི་ཞན་པའི་ཉམས་ལེན་གནང་སྟངས་སོགས་ནི་ཕན་ཚུན་ཉི་མ་མེ་གྲོགས་དང་ཆར་པ་
ཆུ་གྲོགས་ཀྱི་ཚུལ་དུ་འགལ་མེད་མཉམ་བཞེས་མཛད་ཡོད་པ་བསྙོན་དུ་མེད་པའི་གནས་ཚུལ་
ཞིག་ཡིན་ངེས། དམ་པ་ཁོང་ཉིད་སྐུ་འཚོ་བཞུགས་སྐབས་ཀྱི་སྤྱོད་ཚུལ་དང། ཐུགས་གཤིས། ཤེས་ཡོན། མི་ཆོས་ལྷ་ཆོས་སོགས་ཀྱི་མཛད་ཕྱོགས་ནི་མི་རེ་རེ་ལ་ལས་སྣང་གིས་བསྐྲུན་པའི་བརྙན་གཟུགས་
རེ་རེ་གྲུབ་ཚུལ་ཡོད་གཤིས་ལ།དོན་ངོ་མར་མི་ངོར་བསྟུན་ནས་མཛད་ཚུལ་དུ་མ་ཡོད་མཁན་
ཞིག་གཏན་ནས་མིན་མོད།ཁོང་སྐུ་མྱ་ངན་འདའ་སྐབས་གཞན་དང་སྣང་གནས་མི་འདྲ་བར་
ཐུགས་དམ་དུ་བཞུགས་པ་ལ་སོགས་ང་ཅག་བུ་སློབ་ཚང་མས་མཐོང་བ་མངོན་གྱུར་འདི་
ནི་དེང་དུས་ཆོས་སྒྲུབ་རྨོངས་དད་བརྩི་བར་དོགས་སེལ་གྱི་ནད་ཐོག་མེ་བཙའ་ཞིག་ཡིན་ངེས་ལ།
དམ་པ་ཁོང་གི་རང་རྒྱུད་བོན་དང་འདྲེས་པའི་དན་རྟགས་ཕྱི་རུ་མངོན་རྒྱུ་ཡོད་པ་འདི་
ནི་གཡུང་དྲུང་གི་བོན་རིན་པོ་ཆེ་ཉམས་སུ་བླངས་པའི་ནུས་མཐུ་ཡིན་པ་ལས་གཞན་ཅི།
དེ་ཡང་བོན་ཐོས་པས་མི་ཆོག་གོ་དགོས་གོ་བས་མི་ཆོག་སྒྲུབ་དགོས་བསྒྲུབས་པས་མི་ཆོག་
འབྲས་བུ་སྨིན་དགོས་ཞེས་གསལ་བ་ལྟར་དོན་ལ་གནས།
དེ་བརྟེན་དམ་པ་ཁོང་སྐུ་མྱ་ངན་ལས་འདས་ནས་མི་ལོ་གཉིས་ཀྱི་མཚམས་འདིར
༧རི་ཁྲོད་དགོན་གྱི་དབུ་བླ་མེ་སྟོན་འཆི་མེད་རྣམ་རྒྱལ་རིན་པོ་ཆེ་དབུས་པས་ངེད་རི་ཁྲོད་
དགོན་གྱི་འཁོར་འབངས་ཚང་མས་རྗེས་དྲན་ཞིག་འབྲི་རྒྱུ་ངལ་བ་བྱས་པ་ལ་བརྟེན་ནས་
གྲུབ་པ་ཞིག་རེད།འདི་ནི།ཕྱོགས་མཐར་བཞུགས་པའི་དམ་པ་ཁོང་གི་དངོས་སློབ་དང་
བརྒྱུད་སློབ་དེ་འབྲེལ་གྱི་མི་སྣ་སོ་སོར་བྱིན་རླབས་འཁྱིལ་བ་ལས་བཞེངས་པའི་བཀའ་
དྲིན་རྗེས་དྲན་གྱི་དད་རྟགས་ཞིག་གམ།ཡང་ན་དད་གདུང་མོས་ཁམས་ཇི་སྙེད་ཀྱིས་བསྐྲུན་པའི་
འོད་གསལ་ཞིང་གི་དག་སྣང་ཞིག་ཡིན་སྲིད།ཡང་ན་སྙིང་སུལ་ནས་མཆེད་པའི་སྐྱོ་གདུང་
གི་ངུ་ཤུམ་ཕྱི་རུ་ཤོར་ནས་པིར་རྩེས་རིས་སུ་བྲིས་པ་དང་།ལྕེ་རྐན་གྱིས་ངག་དུ་རང་དབང་
མེད་པ་སྒྲོགས་ཤོར་བ་ཅི་ཞིག་ཡིན་སྲིད།མདོར་ན་གདུལ་བྱའི་མོས་ཁམས་བསམ་གྱིས་མི་
ཁྱབ་པར་དེས་བཞེངས་པའི་དད་གདུང་གི་བརྙན་རིས་ཀྱང་དེ་བས་དཔག་དཀའ་
བའི་རང་བཞིན་དུ་གནས་པ་སོགས་མདོར་ན་འདིར་འབད་དགེ་ཚོགས་ཅི་རུ་
མཆིས་པ་རྣམས་བསྟན་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བསྐལ་བརྒྱར་
བརྟན་ཞིང་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་རྒྱུ་རུ་འགྲོ་བའི་
སྨོན་འདུན་ལན་བརྒྱར་བཅས། ཐ་ཚན་མུ་ཙུག་སྨར་རོ། །