ཆག་ཆག་གདབ་ཚུལ་སྐོར།
རྡུལ་ཚོན་འདེབས་སའི་དཀྱིལ་འཁོར་སྟེགས་བུའི་བཀོད་པ་གཞུང་སོ་སོ་ནས་བཤད་ཚུལ་གཤམ་གསལ་
ལྟར། རྒྱུད་དྲུག་དབལ་མོ་ལས་ཐིག་༣༣༩ལས། དཀྱིལ་འཁོར་བརྩེག་པའི་རིམ་པ་ནི། མ་ནོར་ངེས་པ་འདི་ལྟར་སྟེ།
བཀྲ་ཤིས་ཡིད་དུ་འོང་བ་སྟེ། ས་ལ་དཀྱིལ་འཁོར་བརྩེག་པ་ནི། དཔངས་སུ་ཆག་ཚད་དྲུག་ཡོད་པ། ཆུ་རུ་དཀྱིལ་འཁོར་ལོགས་རེ་ལ། ཁྲུ་བཞི་དག་ཏུ་ཡོད་པར་བྱ། དེ་ཡང་འཁྲེགས་ལ་ཆ་སྙོམ་ལ། ཅུང་ཟད་དབྱིབས་མཐོ་མེ་ལོང་ལ། དེ་སྟེང་ཞལ་པོ་ལེགས་བྱས་ཏེ། ཤིན་ཏུ་འཇམ་པར་བྱ་བའོ། །ཞེས་གསུངས། དཀྱིལ་འཁོར་སྟེགས་བུ་ཞལ་ལ་སོགས་ཀྱིས་ཤིན་ཏུ་འཇམ་ཤིང་ལེགས་པར་གྲུབ་རྗེས་ཆག་ཆག་གདབ་ཚུལ་ནི། རྒྱུད་དྲུག་དབལ་མོ་ལས་ཐིག་༣༣༩ལས། དེ་ནས་ཆག་ཆག་བཏབ་པ་ནི། ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དང་། དུག་ཆུ་སྦྱར་ལ་ཆག་ཆག་བཏབ། དེ་ནས་རྔམ་པ་དགུ་ཡི་ཁྲག ཆག་ཆག་ར་རི་མེད་པར་བཏབ། དེ་ནས་ཆུ་སྣ་དགུ་ཡིས་བཏབ། དེ་ནས་མེ་ཏོག་མཛེས་པ་དང་། ཚན་ཆུ་གཙང་མའི་ཆག་ཆག་བཏབ། ཅེས་གསུངས། ཡང་ཁྱུང་སྤྲུལ་དཀྱིལ་འཁོར་ལས། དང་པོ་རྒྱ་ཁྱོན་ཚད་ལ་ཆུང་འབྲིང་ཆེ། གསུམ་དུ་བསྟན་ཏེ་སྤ་གྲོའི་ལྟ་རྒྱུད་ལས། དཀྱིལ་འཁོར་བསྡུས་ཚད་གཉིས་ཏེ་ཁྲུ་གང་དང་། འདོམ་གང་བ་སྟེ་གནས་དུས་བློ་དང་སྦྱར། འབྲི་ཚད་ལ་གཉིས་ཁྲུ་ནི་བཅུ་གཉིས་དང་། བཅུ་དྲུག་པའོ་རྒྱས་པ་ཁྲུ་ཉེར་ལྔ། ཞེས་དང་ཀློང་རྒྱས་མདོ་ལས་འདོམ་དྲུག་བཤད། དབལ་མོ་ལས་ཐིག་རྒྱུད་ལས་དཀྱིལ་འཁོར་ཚད། ཡིད་འོང་ས་ལ་དཔངས་སུ་ཆགས་དྲུག་དང་། ཆུ་རུ་ལོགས་རེར་ཁྲུ་ནི་བཞི་བཞི་ལ། ཆ་སྙོམ་མཁྲེགས་ལ་ཅུང་ཟད་དབུས་མཐོ་བ། མེ་ལོང་ལྟར་དུ་འཇམ་པོར་བྱ་བ་ལ། ཚན་ཆབ་གཙང་མས་ཆག་ཆག་གདབ། ཅེས་དང་། རྒྱས་པ་ཀུན་སྣང་སོགས་ལས་དེ་ལྟར་བཤད། གཉིས་པ་ཆག་གདབ་ལྟ་རྒྱུད་ལ་སོགས་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་སྣ་ལྔ་དང་། སྙིང་པོ་ལྔ་དང་སྨན་ལྔ་བདུད་རྩིས་གདབ། ཅེས། དཀྱིལ་འཁོར་སྟེགས་བུའི་ཞེང་ཚད་དང་རྔམ་ཚད་ནི་ཆེ་འབྲིང་ཆུང་གསུམ་གྱི་ཚུལ་དུ་ཡོད་པ་གསལ་ལ། ཆག་ཆག་གདབ་པའི་ཆུ་སྣ་དང་རྫས་སྣ་དུ་མ་ཞིག་་་འཛོམས་ཚུལ་གོང་གསུངས་ལྟར་སྒྲུབས་དགོས་པར་མངོན།
ཐིག་གདབ་ཚུལ་སྐོར་བཤད་པ །
དེ་ཡང་ཐིག་ཚོན་མཁས་པའི་ཞལ་ནས། ཐིག་གདབ་དེ་ནི་མཐའ་ནས་གདབ། ཚོན་བཀྱེ་དེ་ནི་དབུས་ནས་བཀྱེ་ཞེས་པའི་མན་ངག་ཡིད་ལ་འཆང་ཏེ་ཐོག་མར་ཐིག་ལ་གཅེས་སྤྲས་དགོས་ཤིང་། ཐིག་ཅེས་པ་འདི་ནི་དཀྱིལ་འཁོར་ལ་ཡོ་འཁྱོགས་མི་འགྲོ་བའི་རྩ་བའི་རྨང་གཞི་ཞིག་ཡིན་ལ། གཞུང་སོ་སོ་ནས་ཐིག་སྐུད་ཀྱི་རྒྱུ་ཆ་དང་། ཐིག་སྐུད་ཕྲ་སྦོམ་ད་དུང་གནམ་ཐིག་དང་ས་ཐིག་གཙོས་པའི་ཐིག་གི་དོན་འགྲེལ་དུ་མ་ཞིག་ཡོད་པ་འདི་ལྟར་ཏེ། རྗེ་ཡི་ཐིག་ཚོན་ལས། དབྱིངས་ཉིད་རྣམ་པར་དག་པའི་ཐིག་ཚོན་ནི། སྣང་སྲིད་སྣོད་བཅུད་ཀློང་དུ་གདབ་པར་བྱ། མཁའ་གསལ་ཡེ་ཤེས་རིག་པའི་ཐིག་ཚོན་ནི། སེམས་ཉིད་བློ་རིག་ཡུལ་དུ་གདབ་པར་བྱ། རྡུལ་ཚོན་ལས་རིམ་འགྱེད་པའི་ཐིག་ཚོན་ནི། རིན་ཆེན་གསེར་གྱི་ས་ལ་གདབ་པར་བྱ།ཅེས་གསུངས། ཡང་ཀློང་རྒྱས་ལས། ཐིག་འདི་ཡུམ་ཆེན་དབྱིངས་ཀྱི་ཐིག ས་ཏྲིག་ཨེར་སངས་བྱིན་རླབས་ཐིག མ་ནོར་ངེས་པའི་ཐིག་ཅེས་བྱ། འགྲོ་བའི་དོན་དུ་གདབ་པར་བྱ། ཞེས་དང་། ཡང་ཐིག་འདི་སངས་པོ་འབུམ་ཁྲི་ཐིག སངས་པོ་འབུམ་ཁྲིས་སྤྲུལ་པའི་ཐིག མི་འཁྲུགས་འབྱེད་པའི་ཐིག་ཅེས་བྱ། འགྲོ་བའི་དོན་དུ་གདབ་པར་བྱ། ཞེས་སོགས་གསུངས། ཁྱུང་སྤྲུལ་ཐིག་མཚོན་ལས། ཐིག་ཅེས་བྱ་བ་རང་བཞིན་དབྱིངས་ཀྱི་ཐིག ཏིང་འཛིན་ཐིག་དང་རྡུལ་ཚོན་ཐིག་དང་གསུམ། དང་པོ་བོན་ཉིད་འགྱུར་མེད་མཁའ་དབྱིངས་སུ། ཡང་དག་བདེན་ཐིག་ཡོ་གལ་མེད་ལ་བྱ། གཉིས་པ་རང་བཞིན་ཇི་ལྟར་ཏིང་འཛིན་གྱིས། ལྷ་ངེར་གསལ་བར་སྒོམ་པར་བྱེད་པའོ། །གསུམ་པ་དེ་བཞིན་འགྲོ་ལ་དཔེ་སྟོན་ཕྱིར། ས་གཞི་མཚན་མ་རྡུལ་ཐིག་འདི་འདེབས་སོ། །དེ་ཡང་གནམ་ཐིག་མྱང་འདས་བོན་གསལ་ཕྱིར། ས་ཐིག་འཁོར་བར་གནས་པའི་བོན་དོན་བསྟན། གསལ་བར་བྱེད་དང་ཡོ་གལ་མེད་ཕྱིར་ཐིག མ་འདྲེས་པ་དང་འགྱུར་བ་མེད་པའི་ཐིག དོན་དམ་པར་གསལ་བ་བྱང་ཆུབ་སེམས། ཐིག་ཞེས་བྱ་བ་མདོ་རྒྱུད་དག་ལས་གསུངས། ཞེས་དང་། ཡང་ཕུར་པའི་དོན་འགྲེལ་༦༠ལས། ཐིག་སྐུད་ཀྱི་རྒྱུ་ནི། དུག་གསུམ་རྩད་ནས་གཅོད་པའི་རྒྱུ་ཞེས་བྱ་སྟེ། ཡུགས་ས་མོ་ཡི་སྐྲ་ཤད་དང་གཡག་རོག་པོའི་རྩིད་པ། སྤྱང་ཁུའི་སྤུ་དང་གསུམ་ལ་སུམ་སྒྲིལ་དུ་བྱེད་པའོ། །ཐིག་ཆལ་གྱི་རྒྱུ་ནི་འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ་པའི་རྒྱུ་ཞེས་བྱ་སྟེ། ར་རོག་པོའི་སྙིང་ཁྲག་དང་། དོམ་བུ་སྙིང་དཀར་གྱི་ཁྲག སྐྱེས་པ་གྲིར་ཤི་བ་བསྲེགས་པའི་སོལ་བ་རྣམས་བསྲེ་བ་བྱའོ། །ཞེས་གསུངས། ཡང་ཁྱུང་སྤྲུལ་དཀྱིལ་འཁོར་ལས། ཐིག་ལ་དབུས་སུ་འཛུགས་པའི་འགྱིང་ཕུར་དང་། སྐོར་ཕུར་སྲད་བུ་སོགས་ཏེ་སྲད་བུ་ལ། རས་སྐུད་ཁ་དོག་ལྔ་བསྒྲིལ་གནམ་ཐིག་འདེབས། རས་སམ་བལ་གསར་སྐུད་པ་སུམ་སྒྲིལ་ལམ། དགུ་བསྒྲིལ་སྐུ་གཉིས་མཚོན་ཕྱིར་དཀྱིལ་འཁོར་གྱི། གཉིས་གདབ་ཚད་ཀྱི་ས་ཐིག་འདེབས་པ་དང་། རྩོད་ཟློག་ལ་སོགས་གསང་སྔགས་རྒྱུད་མང་ལས། ཤི་ཤོན་ལེ་རྒན་ཐིག་ཐག་ལི་ཁྲི་བྱུག ཐིག་ཆལ་དཀར་དམར་ཤེལ་ཟས་སྣོད་སྦྱང་བཤད། ཅེས་དང་། ཡང་ཁྱུང་སྤྲུལ་དཀྱིལ་འཁོར་༡༠ལས། དཀྱིལ་འཁོར་གསལ་ལོ་ས་ཐིག་གམ་དམ་ཐིག སྐུ་གསུང་ཐུགས་ཀྱི་རང་བཞིན་དང་ལྡན་ཕྱིར། ས་ལ་བཏབ་པ་རྡུལ་ཚོན་དཀྱིལ་འཁོར་གསལ། དེ་ཡང་ཐིག་གདབ་མཐའ་ནས་འདེབས་པ་དང་། ཚོན་བཀྱེ་དབུས་ནས་བཀྱེ་བར་བཤད་པ་ཡང་། ཐོག་མར་ཚངས་ཐིག་བཞི་རུ་མ་བཞག་ན། མཐའ་ཐིག་ཆ་སྙོམ་ལ་སོགས་དཀའ་བའི་ཕྱིར། ཁྲོ་རྒྱུད་དབལ་མོ་ལས་ཀྱི་ཐིག་ལེ་ལས། བལ་གསར་ཐིག་གསུམ་སུམ་སྒྲིལ་ཐིག་ཆལ་གཤེར། སློབ་དཔོན་ནུབ་ལ་གར་མ་ཤར་དུ་སྡད། དང་ལ་ཚངས་ཐིག་དེ་ནས་ཟུར་ཐིག་དང་། མཐའ་ཐིག་ལ་སོགས་ཆ་སྙོམ་གདབ་ཅེས་གསུངས། ཐིག་གྲངས་དེ་ལ་དམར་ཐིག་འབྱོར་ཐིག་དང་། འབྱེད་ཐིག་སྐོར་ཐིག་རྣམ་བཞི་བསྡོམ་པ་ན། རང་གཞུང་ལྷ་ཡི་གྲངས་སུ་འདེབས་དགོས་ཚུལ། གཞུང་སྐབས་ཆ་ལག་རྣམས་སུ་བཤད་ལྟར་བྱ། ཞེས་སོགས་ཀྱིས་ལུང་གིས་གྲུབ་བོ།།
ས་ཚོན་དང་ཚོན་གྱི་སྐོར་བཤད་པ།
དེ་ཡང་ས་ཚོན་དང་། རྡོ་ཚོན། ཆུ་ཚོན། སྣུམ་ཚོན་ལ་སོགས་ཞང་བོད་ཀྱི་གནའ་སྲོལ་དུ་མ་ཞིག་བོད་ཀྱི་ཁོར་ཡུག་ཙམ་མ་ཡིན་པར། འཛམ་གླིང་གི་རི་མོའི་ཁྲོད་དུ་དཔུང་པ་གཉམ་གཤིབ་ཀྱི་ཚུལ་དུ་གཟི་འོད་འཕྲོ་བཞིན་ཡོད་པ་མ་ཟད། སྐབས་འཕྲལ་དགོས་མཁོའི་རིག་གནས་ཞིག་ཏུ་གྱུར་དང་འགྱུར་མུས་ལགས་ན་དེ་དག་མེས་པོའི་མཛད་རྗེས་
བསུབ་ཏུ་མེད་པའི་ཤུལ་བཞག་གི་རིག་གནས་ཞིག་ཏུ་འཁུམ། དེ་ཡང་ས་ཚོན་དང་རྡུལ་ཚོན་ཆུ་ཚོན་སྣུམ་ཚོན་སོགས་ཀྱི་སྡེབས་སྦྱོར་གྱི་ལས་རིམ་འདི་ནི་ཞང་བོད་རང་ས་ནས་
བྱུང་བའི་གནའ་མིའི་ལག་རྩལ་དུམ་བུ་ཞིག་ཡིན་སྟབས། འདི་བཟོ་ཚུལ་གྱི་ཉམས་མྱོང་འགའ་ཞིག་དཔེ་གཞུང་ནས་གསལ་བ་རྣམས་འདིར་བཀོད་ན། རྒྱུད་དྲུག་དབལ་མོ་ལས་ཐིག་༣༤༤ལས། མདོག་རྣམས་ཕན་ཚུན་མ་བསླད་པ། དཀར་པོ་རྡོ་ཐལ་དཀར་པོས་བྱ། སེར་པོ་ས་སེར་སྤུངས་བ་དང་། རྡོ་རྒྱུས་དཀར་པོ་ཅུང་ཟད་བསྲེ། དམར་པོ་ས་སེར་བསྲེགས་པ་དང་། མཚལ་ལམ་ཙག་རྡོ་དམར་པོ་དང་། རྡོ་རྒྱུས་ཅུང་ཟད་བསྲེ་ལ་བྱའོ། །སྔོན་པོ་ས་སྔོན་རྡོ་སྔོན་དང་། རམ་དང་རྡོ་རྒྱུས་བསྲེས་ལ་བྱ། ལྗང་ཁུ་ས་དང་རྡོ་སྔོན་དང། ས་སེར་སྤུངས་པ་རྡོ་རྒྱུས་བསྲེ། དེ་དག་བག་ཕྱེ་ཙམ་དུ་བཏག །བཙག་ནས་ཕྱུང་ལ་བྱ་བའོ། །ཞེས་དང་། སྤྱིར་ཚོན་གྱི་རྣམ་བཞག་ནི་ཚོན་ཆེན་ལྔ་དང་ཁ་དོག་སུམ་ཅུ། སྡེབས་སྦྱོར་བརྒྱ་དང་ང་དགུ་སོགས་ཀྱི་རྣམ་བཞག་ཡོད་པའི་དང་པོ་ཚོན་ཆེན་དྲུག་ནི། དཀར་ལྗང་དམར་སྔོ་ཐོན་ཀ་སེར་བཅས་སོ། །ཁ་དོག་སུམ་ཅུ་ནི། ཚོན་ཆེན་དྲུག་རེ་རེ་ལ་ལྔ་རེ་ཕྱེས་བའི་སུམ་ཅུ་སྟེ། གཟོ་རིག་གསལ་རྒྱན་༡༡༨ལས། དཀར་པོ་དག་ལ་རྣམ་པ་ལྔ། །ཁ་བ་དག་ལ་སྔོ་ཞད་ཆགས། །དུང་མདོག་དག་ལ་དམར་ཞད་ཆགས། །ཤེལ་མདོག་དག་ལ་ལྗང་ཞད་ཆགས། །གངས་ལ་ཉི་ཤར་སེར་ཞད་ཆགས། །ཙམ་པ་ཀ་ནི་དཀར་པོ་དངོས། །ལྗང་ལ་རྣམ་པ་ལྔ་ཡིན་ཏེ། །དཀར་ལྗང་དམར་ལྗང་སྔོ་ལྗང་དང་། །སེར་ལྗང་ནག་ལྗང་གཉིས་དང་ལྔ། །དམར་པོའི་རིགས་ལ་རྣམ་པ་ལྔ། །མཚལ་དང་ཟངས་མདོག་བྷུ་དྷ་དང་། །སི་དྷི་ར་དང་དམར་སྨུག་གོ །སྔོན་པོའི་རིགས་ལ་རྣམ་པ་ལྔ། །ནམ་མཁའ་མདོག་དང་སྔོ་སྐྱ་དང། །མུ་མེན་འོད་བཀྲ་ཀེ་ཀེ་རུ། །ཨིན་ཌ་ནི་ལ་རྣམ་པ་ལྔ། ཐོན་ཀ་རྣམ་པ་ལྔ་ཡིན་ཏེ། །ཐོན་མཐིང་རྣམ་རྟོག་མཐིང་ནག་བེེཌྰུརྱ། །མཐིང་དམར་ཟངས་ཀྱི་ཁ་འོད་ཆགས། །གཡུ་མཐིང་ནམ་མཁའི་ཁ་འོད་ཆགས། །སེར་པོ་རྣམ་པ་ལྔ་ཡིན་ཏེ། །དཀར་སེར་དམར་སེར་སྣུམ་དང་འབོལ། །བཙོ་མ་གསེར་ཞུན་ཉིད་དང་ལྔ། །སྣུམ་པ་རྩི་མར་སྙི་པོ་འདྲ། །འབོལ་ལ་གུར་གུམ་ཁ་འོད་ཆགས། །ཚོན་ནི་ཞིབ་ལ་འབོལ་བ་གཅེས། །ཁ་དོག་སུམ་ཅུ་མདངས་དང་ཆས། །འཇིག་རྟེན་འགྲོ་བའི་སྣང་བ་བསྒྱུར། ཞེས་གསུངས། དེ་ཡང་ཚོན་ཆེན་ལ་སོགས་ཕན་ཚུན་མཉམ་སྦྱོར་བྱས་པ་ལ་བརྟེན་ནས་སྡེབས་སྦྱོར་བྱས་པའི་ཚོན་མདོག་བརྒྱ་
དང་ང་དགུ་འབྱུང་བ་སྟེ། གཟོ་རིག་གསལ་རྒྱན་༡༡༨ལས། དཀར་ལ་བ་བླ་ཅུང་ཟད་བསྲེ། །དཀར་སེར་རུས་ཁ་ཞེས་བྱ་འབྱུང། འབྲུག་རུས་འདུལ་ལ་རུས་ཁ་འབྱུང་། རུས་ཁ་སྔོ་དམར་མྱང་རྩིས་སྤྲས། ཅུང་ཟད་དཀར་སེར་དར་བའི་མར། གསར་འདྲ་མར་གསར་མདོག་ཅེས་འབྱུང། དམར་མདོག་དེ་ལ་རྒྱ་ཚོས་མདོག འགྱུར་ཙམ་བསྲེ་ལ་བ་སོ་ཁ། མར་གསར་ཁ་ལ་རམ་ཅུང་ཙམ། བསྲེས་པའི་དཀར་ལྗང་ས་ལུ་ཁ། དཀར་ལ་མཚལ་སྐྱ་ཅུང་ཟད་བསྣན། དེ་དང་སེར་པོ་ཆ་མཉམ་པར། སེ་མེ་ཁ་ཞེས་གསེར་མདོག་འབྱུང་། ཞེས་པ་ནས། གཡུ་ཁ་མྱང་རྩི་སྤྲས་ཀྱི་ཁ། ཅུང་ཟད་བསྣན་ལ་སྦྲང་ཁ་ཟེར། གསེར་ཁ་དཀར་ཤས་ལི་དཀར་དང་། བབ་ལ་བསྲེས་པའི་ལི་སར་མས། ཆ་སྙོམ་ལི་ཁ་མཚལ་བསྲེས་ལ། ལི་དམར་མདོག་དང་ལི་ཁ་བཞི། ལྷང་ཚེར་དུམ་ཟིལ་དངུལ་ཁ་ལ། ཅོང་ཞི་བསྲེས་པ་དངུལ་རང་བཤད། དཀར་བསྲེས་དངུལ་སྐམ་ཁ་ཞེས་ཏེ། ཁ་ཅིག་འགྱུར་ན་སེར་འགྱུར་རོ། །དེ་ལྟར་ཚོན་སྣ་བརྒྱ་ང་དགུ། མཁས་པས་བཤད་པ་མྱོང་བས་གྲུབ་ཅེས་སོ། །དེ་ལྟར་ཚོན་གྱི་སྡེབས་སྦྱོར་འདི་ཉིད་བོད་རང་ས་ནས་དར་འཕེལ་བྱུང་བའི་ཚུལ་ནི། ས་ཚོན་དང་རྡོ་ཚོན་དེ་དག་བོད་མདོ་དབུས་ཁམས་ཀྱི་ས་གནས་དག་ཏུ་གཏེར་རྫས་ཀྱི་དངོས་པོའི་ཚུལ་དུ་ལེན་རྒྱུ་ཡོད་སྟབས། རིམ་བཞིན་གནའ་མི་མེས་པོ་རྣམས་ཀྱི་མཁོ་སྤྱོད་ཀྱི་རྫས་སུ་བསྐྲུན་ཞིང་། མེས་པོའི་རྣམ་རིག་ལས་ཐོན་པའི་ཞང་བོད་ཀྱི་སྲོལ་རྒྱུན་གཤའ་མ་ཞིག་ཡིན་པ་ལས་རྒྱ་དཀར་ནག་བལ་པོ་བཅས་ནས་བག་མ་བསུ་བའི་ཚུལ་གྱི་དར་འཕེལ་བྱུང་བ་ཞིག་ག་ནས་ཡིན།།
སླང་འཇོག་དབུབ་གསུམ་སྐོར་བཤད་པ །
དཀྱིལ་འཁོར་རམ་ལྷ་ཡི་གཞལ་ཡས་ཁང་བཞེངས་དགོས་ཚེ་སླང་འཇོག་དབུབ་གསུམ་གྱི་སྡེ་ཚན་དབྱེ་དགོས་པ་འདི་ལྟར་སྣང་ཏེ། རྗེ་ཡི་ཐིག་ཚོན་ལས། ལྷ་གདན་གཡུང་དྲུང་འཁོར་ལོ་པད་མ་རིན་ཆེན་རྣམས་དང་། རིགས་རྣམས་འདོད་ཡོན་ཟླ་གམ་རླུང་དྲིལ་ལ་སོགས་རྣམས་ནི་འཇོག་པའི་སྡེ་ཡིན་ཏེ། གདན་དང་རྣམ་བུ་རང་སར་བཞག ཅེས་དང་། གདུང་ལྕམ་ཡ་གད་ཟ་ར་ཚག་དར་བུ་དང་རྟ་བབ་ཁྱུང་གུར་ཁྱུང་མགོ་གདུགས་ཏོག་ལ་སོགས་རྣམས་ནི། ཕུབ་པའི་སྡེ་ཡིན་ཏེ།གདུང་ལྕམ་ཀ་བ་མཁའ་ལ་བཏེགས། ཞེས་གསུངས་པའི་ཕྱིར་རོ། །སྒོ་དང་རྩེགས་པ་ལྕོགས་དང་ལྕགས་རི་སྐུ་གདུང་རྣམས་ནི་བསླང་བ་ཡིན་ཏེ། སྒོ་དང་རྩེགས་པ་ལྕོགས་རྣམས་ནི། ཕྱི་ནས་ནང་དུ་བསླང་ལ་བསྒོམ། ཞེས་གསུངས། དེ་ལྟར་དཀྱིལ་འཁོར་གསུམ་དུ་བསྟན་ཀྱང་། གདུལ་བྱ་བཀྲིད་དྲང་གི་ཐབས་སུ་སོ་སོར་བསྟན་པ་ཙམ་དུ་ཟད་ཀྱི། དོན་ལ་སོ་སོར་ཐ་དད་དུ་ཡོད་པ་མ་ཡིན་ཏེ། སོ་སོར་མ་ཡིན་གཅིག་གི་ངང་དུ་འདུས། ཞེས་གསུངས་པའི་ཕྱིར་རོ། །སྒོ་སྟེང་གི་མཆོད་རྟེན་དང་གདུགས། རི་དྭགས་ལ་སོགས་ཇི་ལྟར་དགོས་ཚུལ་ནི། རྒྱུད་དྲུག་དབལ་མོ་ལས་ཐིག༣༤༣ལས། རྟ་བབ་ཁྲི་འཕང་ཆ་གཅིག་ནི། པད་མར་བྲིས་ཏེ་དབུས་སུ་ནི། བོན་གྱི་འཁོར་ལོ་གདུགས་དང་བཅས། འཁོར་ལོ་དེ་ཡི་ངོས་གཉིས་སུ།རི་དྭགས་གཉིས་ནི་ནང་དུ་བསྟན། མ་འབྱར་བར་ཚད་རན་པ་སྟེ། སྐེ་ལ་དར་དཔྱང་ལྡན་པར་བྲི། ཞེས་གསུངས།
ས་བོན་སྐོར་བཤད་པ།
སྤྱིར་ས་བོན་ཞེས་པ་སྐྱེད་བྱེད་ཀྱི་རྒྱུའམ། སྤྲོ་བསྡུ་བྱ་ཡུལ་གྱི་རྟེན་དང་། མཚོན་བྱེད་ལ་སོགས་ཅི་རིགས་སུ་འགྲེལ་དུ་ཡོད་པར་མངོན། དེ་ཡང་དཀྱིལ་འཁོར་ནི་ལྷ་ཡི་གཞལ་ཡས་ཁང་དང་ལྷ་གཙོ་འཁོར་ཐམས་ཅད་དཀྱུས་གཅིག་ཏུ་གྲུབ་པའི་བོན་ཞིག་ཏུ་
འདོད་དགོས་ཞིང་། བསྐྱེད་སྒོམ་སྐབས་སུ་གཞལ་ཡས་ཁང་དང་ལྷ་གཙོ་འཁོར་ཐམས་ཅད། སྣང་ལ་རང་བཞིན་མེད་པ་གསལ་ལ་དངོས་པོ་མེད་པ་ཆུ་ཟླའི་དཀྱིལ་འཁོར་ཚུལ་དུ་ཡིད་ངོར་བསྐྱེད་སྒོམ་བྱ་དགོས་གཤིས། རྡུལ་ཚོན་འབྲི་བའི་སྐབས་སུ་དཀྱིལ་འཁོར་གཞལ་ཡས་ཁང་གི་དབུས་སུ་གཙོ་ལྷ་ཡབ་ཡུམ་གྱི་ས་བོན་བཀོད་པ་དང་འཁོར་
རྣམས་ཀྱི་ས་བོན་རང་གཞུང་ལྟར་མཐའ་ནས་བསྐོར་བའི་ཚུལ་་དུ་བཀོད་ཅིང་སྒོ་སོགས་ལ་སྒོ་སྲུང་གི་ས་བོན་རང་གཞུང་ལྟར་བཀོད་དགོས་པར་བཤད་ལ། ད་དུང་དཀྱིལ་འཁོར་མར་དབབ་ཀྱི་ས་བོན་བཀོད་ཚུལ་དེ་དང་ཅུང་ཙམ་མི་འདྲ་བའི་ཁྱད་བོན་དུ་མ་བསྟན་ཡོད།
དཀྱིལ་འཁོར་བཞེངས་འབྲི་བྱས་པའི་ཕན་ཡོན།
སྤྱིར་དཀྱིལ་འཁོར་བཞེངས་འབྲི་བྱས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་ངེས་པ་གཞིར་བཅས། མདོར་ན་ལུང་ཚིག་དུ་མ་ཞིག་ནས་འདི་ལྟར་གསུངས་ཡོད་དེ། རྒྱུད་དྲུག་ལུང་ཁྱུང་སྤྲུལ་དཀྱིལ་འཁོར་༢༤༢ལས། དཀྱིལ་འཁོར་གཟབ་ཏེ་བཞེངས་གྱུར་ནས། བདག་དང་ཡོན་བདག་སེམས་ཅན་རྣམས། ཏིང་འཛིན་སྐྱེ་བར་གྱུར་པ་དང་། ཚོགས་རྣམས་ཡོངས་སུ་རྫོགས་པ་དང་། ལྷ་རྣམས་མཉེས་པའི་དངོས་གྲུབ་མྱུར། དེ་ཕྱིར་ཤིན་ཏུ་གཟབ་པར་བྱ། ཞེས་གསུངས་པའོ། །དེ་ཡང་རྗེ་ཡི་རྡུལ་ཚོན་ལག་ལེན༤༩ལས། དེ་ལྟར་མཛེས་ལེགས་ལྡན་གྱུར་ན། ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། ཕྱི་མ་ལྷ་ཡི་གཞལ་ཡས་གནས། གལ་ཏེ་མི་ལུས་བླང་གྱུར་ནས། གཞལ་ཡས་ཁང་མང་བདག་པོ་བྱེད། དེ་བས་གཞལ་ཡས་ཁང་ལ་གཟབ། ཅེས་གསུངས་པ་སོགས་ཀྱི་ལུང་ལྟར་སྐབས་འཕྲལ་དེས་འཐུས་པར་བྱས།། །།