ཡིད་གཏད་མེད་པའི་འཆར་སྒོ།
ཐམས་ཅད་ལྷས་བཟོས་འདོད་པའི་ཕྱི་རོལ་པ།
འདིར་བྱས་ཕྱི་མར་མི་སྨིན་ཚད་རིག་པ།
རང་བྱས་རང་ལ་སྨིན་པའི་ནང་ཆོས་གསུམ།
བདེན་ཚུལ་མི་རེས་བཤད་ཀྱང་ཡིད་གཏད་གང་།
ཕྲ་བ་ཐེར་ཟུག་ལྟ་བའི་ཐེག་དམན་དང་།
ཡོད་ཚད་སེམས་སུ་ལྟ་བའི་སེམས་ཙམ་པ།
མེད་དགག་ཁོ་ནར་འཇོག་པའི་དབུ་མ་གསུམ།
རིགས་པའི་སྲང་ལ་བཤར་ན་སུ་ཞིག་བདེན།
ཐམས་སྙད་མཁན་པོའི་ངག་ལ་མ་བརྟེན་ན།
མེ་ལ་མེ་རུ་གྲུབ་པའི་ཚད་མ་གང་།
ཡོད་ཚད་འདོད་བཏགས་ཙམ་དུ་བདེན་ངེས་པས།
ད་ལྟའི་སྣང་ཚོད་འདི་ལ་ཡིད་གཏད་ཅི།
རང་ཚུག་ཐུབ་པའི་གདོས་བཅས་མེད་པས་སྟོང་།
ཐམས་ཅད་མིང་བརྡ་ཙམ་གྱི་མ་ཚད་པར།
སྟོང་པའི་ངང་ནས་ཕན་གནོད་འབྱིན་ངེས་པའི།
སྟོང་པ་ཁོ་ནར་བཟུང་ན་ཡིད་གཏད་ཅི།
རྟེན་འབྲེལ་འཁོར་ལོའི་སྐྱོག་མཚམས་ཞིག་གིས་ཐོག་མའི་ངུ་སྐད་མལ་ནས་ཤོར།
བསོག་འཇོག་དགག་སྒྲུབ་ཞེ་ན་བྲལ་བས་བཟང་ངན་འབྱེད་པའི་དྲན་ཚོར་ནུབ།
དངོས་གཟུགས་སྣང་བའི་ལེན་ཀ་ཡོད་ཀྱང་ཆགས་སྡང་ཟུང་གི་དམ་འཛིན་བྲལ།
བྱིས་པའི་སེམས་ཁམས་དངས་ཞིང་གཙང་ཡང་བདེན་སེམས་བཅའ་བའི་ཡིད་གཏད་མེད།།
ཕྱི་ཡི་ཤ་རུས་ལྷུ་ལག་འཕེལ་བཞིན་ནང་གི་ཞེན་ཆགས་རགས་ཤིང་རྩིང་།
བཟང་ངན་དག་གི་མཐོང་སྣང་རྗེས་སུ་ཆགས་སྡང་གཉིས་ཀྱི་ཉིན་སྲིབ་ཕྱེས།
དངོས་སྣང་རེ་ལ་བདེན་རྫུན་འཇོག་པའི་སྲ་ཞིང་འཁྲེག་པའི་ཚད་མ་རེ།
དྲན་ཤེས་རྐྱེན་པོའི་བསམ་གཞིག་འདི་ཡིས་བདེན་རྫུན་འཇོག་ལ་ཡིད་གཏད་ཅི།
ལན་རེ་དགའ་ནས་འཛུམ་གྱིས་ཁེངས་ལ་སྐབས་རེ་སྡུག་ནས་ངུ་ངག་འཐེན།
སྐབས་རེ་ཡིད་མཐུན་གྲོགས་རུ་ངེས་ཤིང་མཚམས་རེ་གཤེད་མའི་དགྲ་བོར་བདེན།
སྐབས་འགར་འཇིག་རྟེན་གང་འདོད་འཛོམས་ཀྱང་བདེ་བའི་ཁོར་ཡུག་གཏན་ནས་མེད།
སྐྱིད་སྡུག་གཉེར་མས་འགྲན་རྩོད་བྱེད་པའི་མི་ཚེ་འདི་ལ་ཡིད་གཏད་ཅི།
ཆོས་ལུགས་འཐེན་འཁྱེར་གཤིས་ངན་འདི་ཡིས་འཚེ་མེད་ལྟ་བ་ཕབ་ཏུ་ཡིབ།
རང་སྣང་རྐྱང་པ་ཐེར་ཟུག་བལྟས་པས་སྣང་སྟོང་ཟུང་འཇུག་འདི་ལ་གོལ།
སྟོང་པ་ཉི་ཚེ་ཡིད་སྒོམ་བྱས་ན་སྣང་བའི་ངོ་གང་འདི་ལ་འགྲིབ།
ཟླུམ་གཟུགས་གོ་ལའི་ཆོས་བརྒྱུད་བར་གྱི་ཁ་འཛིན་འདི་ལ་ཡིད་གཏད་ཅི།
མི་ངོར་མེ་ལ་ཚ་བར་སྣང་ཡང་མེ་བྱི་དཀར་མོས་ཁྲུས་སུ་གསོལ།
རླན་ཞིང་བཤེར་བ་ཆུ་རུ་འདོད་ཀྱང་ལྷ་མིན་རྣམས་ཀྱིས་གོ་མཚོན་མཐོང་།
ཉི་མའི་ཟེར་འོད་གསལ་བ་སྣང་ཡང་ཞག་མིག་ཅན་གྱིས་མུན་པ་མཐོང་།
འགྲོ་དྲུག་ཆུ་ལ་རྣམ་དྲུག་མཐོང་བས་ལས་སྣང་འདི་ལ་ཡིད་གཏད་ཅི།
ཟང་ཟིང་འཇིག་རྟེན་མིག་ལམ་རྒྱུ་བས་ཆགས་སྡང་གཉིས་ཀྱི་འཁོར་ཡུག་བསྐྲུན།
སྒྱུ་མའི་འཕྲུལ་སྣང་སྤྲིན་ཚོམ་གཡོ་བཞིན་ནང་སེམས་མྱུར་མགྱོགས་གློག་བཞིན་འཕྲོ།
ཕྲལ་གྱི་བདེ་བ་དམོད་དུ་བཙུགས་ནས་ཤར་ནུབ་བར་དུ་སྡོམ་ཐག་འདྲེན།
གཏད་སོ་མེད་པའི་བྱ་བཞག་འདི་ལ་ཞིབ་ཏུ་བསམ་ན་ཡིད་གཏད་ཅི།
འཇིག་རྟེན་ལྟད་མོ་ཡོད་ཚད་འཛོམས་ཀྱང་འདོད་སེམས་ཚིམས་པའི་དུས་སྐབས་ཕྲ།
བདེ་འདོད་ཆེད་དུ་ལུས་སེམས་བརླག་ཀྱང་འཕར་མའི་སྡུག་བསྔལ་མདུན་དུ་འཕུང་།
བསམ་ཚད་རྗེས་སུ་གདའ་འདེད་བྱས་ན་ངུ་རུ་བཅུག་པའི་ལས་དབང་བསྐྲུན།
སྤྱོད་པའི་སྣེར་མོར་སྡུག་བསྔལ་སྟེར་བའི་ལོངས་སྤྱོད་འདི་ལ་ཡིད་གཏད་ཅི།