སེམས་ཀྱི་གཅོང་ནད་འཇོམས་པའི་བདུད་རྩི།
༄༅།།རྒྱལ་བ་ཀུན་གྱི་དགོངས་པ་གཅིག་བསྡུས་ཏེ། །
འཛམ་གླིང་ཟླུམ་པོའི་མཁའ་ལ་འཕགས་ནས་ཀྱང་། །
བཤད་སྒྲུབ་སྒོམ་པའི་རྒྱལ་མཚན་མཐོར་སྒྲེང་པའི། །
བོན་བརྒྱ་ཡབ་སྲས་ཟུང་གིས་ཐུགས་རྗེས་དགོངས། །
གང་ཞིག་དུས་ངན་སྙིགས་མའི་ཐ་མ་འདིར། །
མ་རིག་ལོག་རྟོག་འཁྲུལ་བའི་སེམས་ཅན་འགའ། །
ཡང་དག་བདེན་པའི་དོན་ལ་རབ་རྨོངས་ཏེ། །
སྲིན་བྱའི་ཧབ་རྒོད་ཇི་བཞིན་ཨག་སྐོར་བྱེད། །
རང་གི་ཕ་མེས་གང་ཡིན་མི་ཤེས་ཤིང་། །
ཤེས་ཀྱང་ཁྲེལ་དགོད་སྨོད་ལ་ཕེ་འདེབས་བཞིན། །
རིག་པའི་གནས་ལ་ཕྱོགས་ཞེན་ཆེར་བཟུང་ནས།
ངའོ་སྙམ་པའི་བློ་དེ་སྙིང་རེ་རྗེ། །
ཡོན་ཏན་མེད་ན་ཁྱེད་ཀྱང་ཁག་མེད་ལ། །
བྱིས་པའི་གཏམ་ནི་ཁྱི་རྒན་བབ་ཅོལ་བཞིན། །
ཡོད་པར་འདོད་ན་མེས་པོར་དམའ་འབེབས་པ། །
ཆགས་སྡང་ཀུན་སློང་ཡིན་པས་དམྱལ་བའི་རྒྱུ། །
དམྱལ་བའི་རྒྱུན་ཐག་གཅོད་བྱེད་དག་སྣང་ཡིན། །
ཐམས་ཅད་དག་སྣང་འདྲེན་པ་ཀུན་གྱི་གཙོ། །
མ་དག་པ་ལ་ཐར་བའི་སྐབས་མེད་པས། །
ཆགས་སྡང་དུག་གི་སེམས་འདི་དོར་བྱ་ཉིད། །
གཟུགས་མེད་སེམས་འདི་མི་རྒོད་རླུང་བཞོན་བཞིན། །
ལེགས་ཉེས་གང་ལའང་འཇུག་པར་ཐེ་ཚོམ་མེད། །
སེམས་འདི་དག་པའི་ལམ་ལ་ཞུགས་གྱུར་ན། །
རང་གཞན་གང་ཡང་དགའ་བདེའི་དཔལ་ཐོབ་འགྱུར། །
རང་གིས་གཞན་ལ་མ་སྨོད་ཀུན་མཐུན་གྱིས། །
གཞན་ལ་སྨོད་པ་རང་ཉིད་ཕུང་བའི་རྒྱུ། །
ཕུང་བའི་སྡུག་བསྔལ་ཀུན་གྱིས་མི་འདོད་དེ། །
མི་འདོད་བཞིན་དུ་བཙན་གྱིས་བླུ་དོན་ཅི། །
རྒྱལ་བ་ཀུན་གྱི་དགོངས་པ་གཅིག་ཡིན་པས། །
བོན་ཆོས་མིང་གིས་ཁྱད་པར་འབྱེད་པ་འཁྲུལ། །
བོན་དང་ཆོས་གཉིས་གང་གི་ངོ་ལའང། །
ཕྱོགས་སུ་ལྷུང་བའི་སེམས་འདི་ཡོད་མ་འཚལ། །
འདས་པའི་རྒྱལ་རབས་སུམ་ཅུ་རྩ་གཉིས་རིང༌།།
སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར།།
གཙང་མའི་བོན་བསྟན་དར་བའི་རིག་གནས་འདི།།
གངས་ལྗོངས་རིག་གནས་ཀུན་གྱི་མེས་པོ་ཡིན།།
མེས་པོ་གོང་མའི་ཤུལ་བཞག་ནོར་གྱི་གཏེར། །
ཉམས་སུ་ལོན་ན་རིག་པའི་དཔའ་བོ་སྟེ། །
དོན་གྱི་གོ་བ་ཙམ་ཡང་མི་ལོན་པར། །
དམོད་པའི་ཚིག་མཚོན་འདེབས་པ་ཡི་མུག་གནས།
ཁ་ནས་ཅི་ལྟར་མི་རིགས་སྒྲོན་གྱུར་ཀྱང་། །
དོན་གྱིས་མི་རིགས་སྲུང་འཛིན་མ་ཤེས་ན། །
སྨྲ་ལྕེ་དབང་བོ་རལ་ནས་ཐོར་གྱུར་ཀྱང་། །
ནེ་ཙོའི་སྐྱེ་བ་ཙམ་ལས་ཅི་ཡང་སྟོང་། །
བོན་ཆོས་རིག་གནས་གང་ལ་བསྟེན་ན་ཡང་། །
ཐོག་ཁང་གཅིག་ལ་ཐེམ་སྐས་སོ་སོ་བཞིན། །
དམིགས་པའི་ཡུལ་དེར་ཅིས་ཀྱང་སླེབས་ངེས་ན། །
བཟང་ངན་ཚིག་གིས་འབྱེད་པར་དགོས་པ་ཅི། །
སྟོང་ཉིད་ལྟ་བའི་མཁའ་ལ་གཤེགས་འདོད་ན། །
ཐོག་མར་སེམས་གྱི་འཁྲུལ་བ་གཅོད་པ་གཙོ། །
མིན་ཀྱང་མཐུན་སྒྲིལ་དམ་པོའི་དཔུང་སྡེབ་ནས། །
འཛམ་གླིང་རིག་པའི་རྒྱལ་ཁམས་འགྲིམས་ན་ཨང་། །
༢༠༠༥`༧`༦ལ།
- ཟིན་ཐོ་གོང་མ།ཞང་བོད་རིག་གནས།
- ཟིན་ཐོ་འོག་མ།སེམས་འགྱུ་དམར་པོ།