སེམས་འགྱུ་དམར་པོ།
༄༅།།བཤད་སྒྲུབ་སྒོམ་པའི་ཁྱུང་ཆེན་གྱི་གཤོག་འགྱུར།།
ཨ་དཀར་བསྟན་པའི་དབྱིངས་རིམ་ནས་ངོམ་དུས།།
བྱ་བརྒྱའི་གཤོག་རྡེབ་ལྷབ་འདར་རང་བྱེད་པའི།།
སྐྱང་སྤྲུལ་བླ་མས་ཐུགས་རྗེ་དེ་རྐྱོངས་རོགས།།
སྒྲིབ་གཉིས་བག་ཆགས་རང་ས་རུ་གྲོལ་ནས།།
སྐྱེ་འཆིའི་འཁོར་ལོ་སོར་རྩེ་ན་རྩེན་པའི།།
དྲིན་ཆེན་རྩ་བའི་བླ་མ་ཡི་བྱིན་རླབས།།
སིམ་སིམ་བརྡོལ་བའི་སྦྲང་ཆར་དེ་ལོས་ཡིན།།
མི་ཡི་གཟུགས་འཆང་བྱང་སེམས་ཀྱི་དཔའ་བོ།།
རྣམ་རྟོག་བློ་ཡི་དྲི་མ་དེ་ཡལ་ནས།།
འགྲོ་ཀུན་ཐུགས་རྗེ་ཚད་མེད་ཀྱིས་སྐྱོང་བ།།
ཉིན་བྱེད་གཞོན་ནུའི་ཟེར་མ་དེ་ལོས་ཡིན། །
རྒྱལ་གཤེན་བསྟན་པའི་མཁའ་དབྱིངས་སུ་གཤེགས་ནས།།
བཤད་སྒྲུབ་སྒོམ་པའི་ཆར་ཆེན་དེ་ཕབ་དུས།།
མྱ་ངམ་ཐང་ན་དྲན་མེད་དུ་བརྒྱལ་བའི།།
འགྲོ་རྣམས་ཞི་བའི་དབུགས་དབྱུང་ཅིག་བསྩལ་བྱུང༌།།
དཔལ་ལྡན་བླ་མའི་མགྲིན་པ་ཡི་ཀློང་ནས།།
བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་དབྱངས་སྙན།།
ལྷུག་པར་བཀྲོལ་བའི་གདམས་པ་ཡི་སྟོབས་ཀྱིས།།
འགྲོ་ཀུན་བདེ་ཆེན་ཞིང་ས་རུ་བཀོད་ཡོང༌།།
འཇིག་རྟེན་འཁོར་བའི་ཁྱིམ་གཞི་ཞིག་བཙུགས་ནས།།
དམིགས་མེད་སྨྱོན་པ་མགོ་འཁོར་གྱི་ཚུལ་བཞིན།།
གང་སར་འདུར་བའི་ཅང་མེད་ཀྱི་བུ་ངས།།
འགྱོད་པའི་གླུ་འདི་དབང་མེད་དུ་ཤོར་སོང༌།།
སྐྱོ་གླུའི་དབྱངས་ཀྱི་འདེགས་འཇོག་འདིའི་ཁྲོད་ན།།
བྱང་ཆུབ་བསྙེག་པའི་སེམས་ངལ་གྱི་སྟངས་སྟབས།།
དྲག་ཏུ་འཕྱོ་བས་དྲིན་ཆེན་གྱི་བླ་མས།།
ནམ་ཞིག་ཐུགས་རྗེའི་སྐྱབས་འོག་ཏུ་འཛིན་རོགས།།
ཕྱི་གསལ་ནང་གསལ་ཁང་བཟང་འདིའི་ཁྲོད་ནས།།
ཕྱི་ནང་སྐད་རིགས་སློབ་གཉེར་ལ་གཞོལ་དུས༌།།
ཡི་ཆད་སྣ་དགུའི་སྐྱོ་ཉམས་རེ་འབྱུང་བས།།
ན་ཚོད་རྒས་པར་འགྱོད་པ་ཞིག་བྱུང་སོང༌།།
ཐོབ་པ་མི་ཡི་རྟེན་བཟང་འདི་ཐོབ་ཀྱང༌།།
འཁོར་བ་སྒྱུ་མའི་ཟློས་གར་ལ་ཆགས་ནས།།
མི་ཚེ་སྟོང་ཟད་འདི་འདྲ་ཞིག་བྱས་པས།།
འདི་ཕྱིའི་དོན་གཉིས་ཐ་ཐོར་དུ་ཡལ་སོང༌།།
ཚེ་འདིར་འདུ་འཛིའི་གྲོང་སྒོ་ལ་མྱུལ་ནས།།
གང་སྒྲུབ་མཐའ་འཁྱོལ་མེད་པ་དེ་དྲན་ན།།
སྙིང་ལ་ཚེར་མས་སྣུན་པ་དང་འདྲ་བའི།།
ན་ཟུག་ཅིག་གིས་རི་ཁྲོད་ཅིག་དྲན་ཡོང༌།།
འཆི་མེད་ལྷ་ཡི་རྫིང་རིང་གི་ངོགས་ནས།།
ཁྱུང་ཆེན་དར་མས་གཤོག་འགྱུར་དེ་ངོམས་ཚེ།།
ཚེ་གཅིག་སྒྲུབ་པ་མཐའ་འཁྱོལ་ཞིག་བྱས་ནས།།
འཁོར་བའི་རྒྱུན་ཐག་ཆོད་ན་རང་སྙམ་བྱུང༌།།
ཁམས་གསུམ་འཁོར་བའི་འདམ་ནང་དུ་འགྱེལ་བའི།།
མ་དག་རིགས་དྲུག་སེམས་ཅན་གྱི་ཚོགས་རྣམས།།
དག་ཞིང་འོལ་མོ་གླིང་ཆེན་དུ་འདྲེན་པར།།
སྙིང་ནས་གསོལ་ལོ་སྒོ་གསུམ་གྱིས་མཆོད་དོ།།
ཞེས་པ་འདི་ཡང་རང་གི་རྩ་བའི་བླ་མ་རིན་པོ་ཆེ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་མཆོག་རྒྱ་ནག་ཏུ་ཕེབས་ནས་ལོ་ཕྱེད་ཙམ་འགོར་བས་དྲན་པའི་གདུང་བ་ཤུགས་དྲག་ཅིག་གིས་འདུག་མ་བཟོད་པར་གནའ་ མཁར་ཟི་ལིང་གྲོང་ཁྱེར་ནས་དབྱིན་ཇིའི་སྐད་ལ་སློབ་གཉེར་བྱེད་ཞོར་དུ་ཤར་མར་བྲིས་པའོ། དགེ་གྱུར་ཅིག
༢༠༠༧ ་ ༦ ་༡༣
- ཟིན་ཐོ་གོང་མ།སེམས་ཀྱི་གཅོང་ནད་འཇོམས་པའི་བདུད་རྩི།
- ཟིན་ཐོ་འོག་མ།དྲན་པའི་རྫོངས་གླུ།