བོན་སྐུ་ཀུན་ཏུ་བཟང་པོ།

ཞང་བོད་རིག་གནས།
གླེང་གཞི།
ཞང་བོད་གངས་རྒྱལ་ཏི་སེའི་འདབས་རོལ་ནས།།
ཞང་བོད་སྟོན་པ་གཤེན་རབ་མི་བོ་ཡིས།།
ཞང་བོད་ཤེས་རིག་སྤེལ་བའི་མཛད་འཕྲིན་གང༌།།
ཞང་བོད་སྐྱེས་འགྲོ་ཡོངས་ལ་ཟུར་ཙམ་སྤྲོ།།
རྒྱུའི་བོན།
སྟོན་པ་གཤེན་རབ་ཞང་ཞུང་ཡུལ་དུ་བྱོན།།
རྒྱུ་ཡི་བོན་ལུང་བསྩལ་ནས་བྱིན་གྱིས་བརླབས།།
མ་འོངས་འབྲས་བུའི་བོན་དར་ཐུགས་སྨོན་གནང༌།།
ནང་བ་སངས་རྒྱས་སྒོ་འཕར་ཐོག་མ་ཕྱེ།།
འབྲས་བུའི་བོན།
སྟོན་པས་ཉེ་སྲས་བརྒྱད་བཅས་འཁོར་མང་ལ།།
མདོ་སྔགས་སེམས་ཕྱོགས་བསྟན་པ་ཡོངས་རྫོགས་ཏེ།།
འབྲས་བུའི་བོན་གྱི་བསྟན་པ་གཉེར་དུ་གཏད།།
གསང་སྔགས་རིག་འཛིན་གྲུབ་ཐོབ་གྲངས་མེད་བྱོན།།
བཟོ་རིག་པ།
སྲིད་པ་སངས་པོ་འབུམ་ཁྲིའི་དགོངས་པ་བཞིན།།
སྟོན་པ་ཉིད་ཀྱིས་བཟོ་རིག་འབུམ་གསུམ་གསུངས།།
བཟོ་ཡི་རྒྱལ་བོ་གར་མ་ལི་ཤོ་ལ།།
གཉེར་དུ་གཏད་ཅིང་སློབ་མ་མཁས་དྲུག་བསྐྱངས།།
གསོ་བ་རིག་པ།
ཡེ་རྗེ་སྨན་ལྷའི་རྒྱལ་བོའི་དགོངས་པ་བཞིན།།
གསོ་རིག་བདུད་རྩི་སྨན་གྱི་མདོ་དགུ་གསུངས།།
དཔྱད་བུ་ལ་སོགས་དྲང་སྲོང་ཆེ་བརྒྱད་ལ།།
གཉེར་དུ་གཏད་ཅིང་འགྲོ་ཀུན་བདེ་ལ་བཀོད།།
སྒྲ་ཚད་རིག་པ།
ཡེ་མཁྱེན་སྒྲ་ལྷའི་རྒྱལ་བོའི་དགོངས་པ་བཞིན།།
སྒྲ་ཚད་རིག་པའི་མདོ་འབུམ་གསུམ་དུ་གསུངས།།
ཐུགས་སྲས་རྨ་ལོ་གཡུ་ལོ་གཉིས་ལ་གཏད།།
ཞང་བོད་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས།།
ཕྱི་རིག་པ།
ཡེ་དབང་ས་ཡི་རྒྱལ་བོའི་དགོངས་པ་བཞིན།།
ཕྱི་རིག་གཙུག་ལག་རྩིས་ཀྱི་འབུམ་གསུམ་གསུངས།།
ཀོང་ཙེ་འཕྲུལ་རྒྱལ་ཀོང་ཚ་འཕྲུལ་བུ་ལ།།
གཉེར་དུ་གཏད་ཅིང་དུས་གསུམ་རྗེན་པར་གཟིགས།།
ནང་རིག་པ།
ཡུལ་མཆོག་ཞང་ཞུང་འོལ་མོ་ལུང་རིང་ནས།།
རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཡིས།།
དང་པོ་ཐེག་དགུ་བར་དུ་སྒོ་མཛོད་ལྔ།།
ཐ་མ་ཕྱི་ནང་གསང་བའི་བོན་འཁོར་བསྐོར།།
མཇུག་སྨོན།
སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཡིས།།
སྔ་འགྱུར་གཡུང་དྲུང་བོན་གྱི་རིག་གནས་འདི།།
གངས་ཅན་ལྗོངས་འདིར་རྗེས་སུ་བཞག་པའི་མཐུས།།
རྫོགས་ལྡན་གསར་བའི་ཡོ་ལང་རྒྱས་གྱུར་ཅིག །
- ཟིན་ཐོ་གོང་མ།བོན་བརྒྱ་ཡབ་སྲས།
- ཟིན་ཐོ་འོག་མ།སེམས་ཀྱི་གཅོང་ནད་འཇོམས་པའི་བདུད་རྩི།

གྲོགས་པོ་ལགས་ཕེབས་པར་སྙིང་ནས་དགའ་བསུ་ཞུ་བ་དང་ཆབས་ཅིག་རྩོམ་ཡིག་འདི་ལ་གདེངས་འཇོག་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན། །