བོན་སྐུ་ཀུན་ཏུ་བཟང་པོ།
སློབ་གྲོགས་དྲན་པའི་གདུངས་དབྱངས།
དགུ་བཅུ་རྩ་བཞིའི་ལོ་འཁོར་དེ་ལ། །
ལས་དབང་ཕྲ་མོས་འབོད་འགུགས་བྱས་སོང་། །
དགའ་སྐྱོ་འདྲེས་མའི་ཟློས་གར་དེ་ཡིས། །
སྙིང་ལ་མཛའ་བརྩེའི་རྟགས་ཐམ་བཀོད་ཡོད། །
གོ་བདུན་ལོ་ཡི་དབྱར་གཞུང་དུས་ལ། །
རང་རང་སོ་སོར་གྱེས་དགོས་བྱུང་སོང་། །
གྱེས་རུང་བརྩེ་སེམས་དར་གྱི་མདུད་པ། །
ནམ་ཡང་ལྷོད་མེད་སྙིང་ལ་བཅངས་ཡོད། །
ཕྱི་ཚུལ་ཤ་རྒྱགས་སྟོབས་ཀྱིས་ཁེངས་ཡོད། །
ནང་སེམས་བྱམས་དང་སྙིང་རྗེས་ཟིན་ཡོད། །
ཀུ་རེའི་གཏམ་དང་དགོད་འཛུམ་དྲོན་མོ། །
བརྗེད་མེད་སྙིང་གི་དྲན་ཤིང་ཡིན་སོང་། །
ཁྱེད་ལུས་སྐུ་ཤ་རྒྱས་པའི་ཚུལ་དེས། །
ཁྱེད་སྐུ་བདེ་ཐང་ཡིན་སོང་བསམ་ཡོད། །
སླད་མའི་དགྱེས་འཛོམས་བྱུང་དུས་ཤིག་ལ། །
སྐྱིད་པའི་སྙིང་གཏམ་གླེང་ན་བསམ་ཡོད། །
ཀྱེ་མ་ཀྱེ་ཧུད་འཆི་བདག་བདུད་པོ། །
འདི་ལྟར་གློ་བུར་སླེབས་ཡོང་མ་བསམ། །
ཕྱི་མའི་འཕྲང་རིང་འགྲིམས་པའི་དུས་ལ། །
ཞེན་ཆགས་སྡུག་བསྔལ་མེད་པའི་སྐྱབས་འཇུག །
- ཟིན་ཐོ་གོང་མ།ཕར་ཕྱིན་དྲུག
- ཟིན་ཐོ་འོག་མ།རེབ་གོང་བོན་བརྒྱ་དགོན་པའི་ཁྲི་མཆོད་ཆེན་མོ།



སེམས་ཕམས།
ངུ་ཤོར།
ཚེ་གྲགས་ནས།
