ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ།  | 2011/12/5 21:17:00

བོན་ཐེག་པ་རིམ་དགུའིརྣམ་གྲངས་ངོ་སྤྲོད་རགས་ཙམ་བྱེད་པ།

༢༠༠༩ལོའི༼མུ་ཁྲི་བཙན་པོ༽སྤྱིའི་དེབགསུམ་པ་དང༢༠༡༠ལོའི༼མུ་ཁྲི་བཙན་པོ༽སྤྱིའི་དེབ་བཞི་བའི་སྟེང་བཀོད།
      དེ་ཡང་གངས་ཅན་བོད་ཀྱི་ཡུལ་གྲུར་འདིར་ཆེས་དར་སྔ་བའི་རིག་གནས་ནི་གདོད་མའི་བོན་གྱི་རིག་གནས་ཡིན་ལ། ལྷག་པར་དུ་ཚེ་ལོ་བརྒྱ་བའི་མགོན་པོ་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་འདི་ཉིད་འཁྲུངས་པ་ནས་བཟུང་གདོད་མའི་བོན་གྱི་རིག་གནས་ལ་དག་ཐེར་དང་ཞིབ་རྒྱས་སུ་བཏང་ནས་བོན་ཐམས་ཅད་སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུ་རུ་བསྡུས་ཏེ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་གསར་དུ་བཏོད་ཅིང་བསྟན་པ་རྣམ་གསུམ་རྗེས་སུ་བཞག དེ་ལས་ཆེས་དར་སྔ་བ་ནི་རྒྱུའི་བོན་ཡིན་ལ།  དེ་ནས་འབྲས་བུའི་བོན་རྣམས་དར།  རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོའི་སྐུ་གཤེན་དམུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱི་རིང་ལ་གསང་བ་སྔགས་ཀྱི་བོན་དང༌། ཁྱད་པར་སྤྱི་སྤུངས་ཀྱི་བོན་རྣམས་དར།  དེ་ལྟ་བུའི་གཡུང་དྲུང་བོན་གྱི་བསྟན་པའི་རྒྱུན་དེ་ཇི་ལྟར་བརྒྱུད་འཛིན་སྤེལ་གསུམ་བྱས་པ་ལ་ཡང་དང་པོ་བདེ་གཤེགས་དགོངས་པའི་བརྒྱུད་པ། དེ་ནས་མཁའ་འགྲོ་བརྡ་ཡི་བརྒྱུད་པ། དེ་ནས་གང་ཟག་སྙན་ཁུང་གི་བརྒྱུད་པ། དེ་ནས་སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ། དེ་ནས་ལས་འཕྲོ་གཏེར་གྱི་བརྒྱུད་པ།  དེ་ནས་རྟོགས་ལྡན་ཉམས་ཀྱི་
རྒྱུད་པ་བཅས་དུས་ཀྱི་ལ་ཚིགས་སོ་སོར་སངས་རྒྱས་བསྟན་པའི་གཉེར་དཔོན་དགྲ་བཅོམ་གཡུང་དྲུང་སེམས་དཔའི་གཙོ་བོར་གྱུར་བ་རིག་འཛིན་གྲུབ་ཐོབ་བརྒྱད་ཅུ་སོགས་རིམ་པར་བྱོན་ཞིང༌། བཙན་པོའི་དུས་སྐབས་སུ་སྟོད་ཞང་ཞུང་ནས་སྨད་མདོ་ཁམས་སྒང་དྲུག་གི་ཁུལ་དུ་བོན་གྱི་འདུ་གནས་སོ་བདུན་དང༌།  སྒྲུབ་གནས་སོ་དྲུག  གནས་ཆེན་ཉེར་བཞི།  སྒྲུབ་སྡེ་སོ་བདུན་སོགས་བོན་གྱི་འདུ་གནས་དང༌། གནས་ཆེན་ལ་སོགས་པ་སྟོང་ལ་ཉེ་བ་བྱུང་སྟེ་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ།  དེ་བཞིན་དུ་ད་ལྟ་ཡང་མི་འགྱུར་གཡུང་དྲུང་བོན་གྱི་བསྟན་པའམ་བོད་རང་གི་མེས་པོའི་ཤུལ་བཞག་གི་རིག་གནས་ཕུན་སུམ་ཚོགས་པ་འདིའི་རྒྱུན་མ་ཉམས་པར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྡེ་སོ་སོ་ན་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་རྒྱ་ཆེར་སྤེལ་བཞིན་ཡོད། དེ་ལ་ཡང་འདིར་གླེང་བར་བྱ་བ་ནི་གཡུང་དྲུང་བོན་ལ་རྒྱ་ཆེ་ཞིང་གྲངས་མང་ཡང་མདོ་རུ་བསྡུས་ན་ཐེག་པ་རིམ་པ་དགུ་རུ་འདུས་ཏེ། མཐར་གཏུགས་ན་ལྟ་བ་ཡས་ཕུབ་སྤྱོད་པ་མས་ཡར་འཛེག  མཐར་ནི་དོན་དམ་ཐིག་ལེ་གཅིག་ལ་བསྡུ།  ཀུན་གཞི་བྱང་ཆུབ་  སེམས་ཀྱི་ཀློང་དུ་ངེས་ཞེས་པ་ལྟར་མོད།  འོན་ཀྱང་སེམས་ཅན་འདུལ་ཐབས་བསྟན་པ་ལ། དང་པོ་ཕྱ་གཤེན་ཐེག་པའི་སྒོ་རུ་འཇུག་པ་ནས་རིམ་པ་བཞིན་སྣང་གཤེན་ཐེག་པ་དང༌།     འཕྲུལ་གཤེན་ཐེག་པ།  སྲིད་གཤེན་ཐེག་པ་བཅས་རྒྱུ་ཡི་ཐེག་པ་རིམ་པ་བཞི་དང༌།  དགེ་བསྙེན་ཐེག་པ། དྲང་སྲོང་ཐེག་པ། ཨ་དཀར་ཐེག་པ།  ཡེ་གཤེན་ཐེག་པ་བཅས་འབྲས་བུའི་ཐེག་པ་བཞི། རྒྱུ་འབྲས་གཉིས་སུ་མེད་པ་ཡང་རྩེ་བླ་མེད་ཐེག་པ་བཅས་ཐེག་པ་རིམ་པ་དགུའི་དོན་སོ་སོར་གསུངས་ཤིང༌། དེ་ལས་ཕྱྭ་སྣང་འཕྲུལ་སྲིད་བཞི་ནི་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་གསུངས་པས་ན་རྒྱུ་ཞེས་པའམ། ཡང་ན་རྒྱུ་ཐེག་བཞི་ལ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ཟིན་པ་ན་འབྲས་བུ་ལ་ཐག་རིང་ནའང་བྱང་ཆུབ་ཀྱི་རྒྱུར་འགྱུར་བས་ན་རྒྱུ་ཞེས་བྱ་བ་དང༌། དགེ་དྲང་ཨ་ཡེ་བཞི་ནི་འཇིག་རྟེན་ལས་འདས་པའི་དོན་གྱི་འབྲས་བུ་བསྒྲུབ་པའི་ཆེད་དུ་གསུངས་པས་ན་འབྲས་བུ་ཞེས་བྱ་ལ། དེའང་དགེ་དྲང་གཉིས་རྒྱུ་ཐེག་བཞི་ལས་འབྲས་བུ་ལ་ཐག་ཉེ་ཞིང༌། ཨ་ཡེ་གཉིས་ནི་འབྲས་བུ་ལ་ལམ་དུ་བྱེད་པས་ན་འབྲས་བུར་འཇོག་པའོ། འདིར་དེ་དག་གི་དོན་སོ་སོ་དུས་ནམ་ཞིག་ལ་ཡུལ་གང་ནས་གཤེན་པོ་སུ་ལ་གཏད་པ་དང༌། སྤྱི་སྒོས་བྱེ་བྲག་གི་རྣམ་གྲངས་སོགས་ཇི་ལྟར་ཡིན་པའི་ཚུལ་ཅུང་ཙམ་སྤྲོ་བར་བྱ་བ་ལ།

དང་པོ།   ཕྱ་གཤེན་ཐེག་པ།

དེ་ཡང་ཇི་ལྟར་བསྟན་པ་ནི་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་གཤེན་ལོ་གཅིག་བཞེས་པའི་ཚེ། རྨ་ལོ་དང་གཡུ་ལོ་གཉིས་དང་ལྷན་དུ་མཁར་བར་པོ་སོ་བརྒྱད་དུ་བཞུགས་པ་ལ།  ཡུལ་སྣང་ལྡན་གཡུ་རྩེ་ནས་ཡབ་ཕྱ་རྗེ་རིང་ནས་ཀྱི་སྲས་པོ།  ཕྱ་གཤེན་ལེགས་རྒྱལ་ཐང་བོའམ་ཕྱ་གཤེན་གཙུག་ཕུད་ཀྱིས་ཞུས་པའི་ངོར་གསུངས་ཤིང༌། «དྲི་མེད་གཟི་བརྗིད»ལསབདག་ཀྱང་བོན་སྒོ་རིམ་པ་འཆད་ཚུལ་ལ། མི་ལོ་བརྒྱ་ལོན་གཤེན་ལོ་གཅིག་ལོན་ནས། ཐེག་པ་དང་པོ་ཕྱ་གཤེན་འཆད་པར་བྱེད། སྐྱོན་ཡོན་པྲ་ལྟས་ལེགས་ཉེས་དྲང་ཤན་འབྱེད། བདེན་རྫུན་ཡོ་དྲང་ཆག་དང་ཚད་ལ་གཞལ། ནད་གསོ་འཆི་བསླུ་ཚེ་གཡང་དཔལ་གསུམ་བསྐྱེད། འགྲོ་ལ་ཕན་བདེའི་རིམ་པ་ཤུགས་ཀྱིས་འབྱུང།ཞེས་གསུངས་སོ།

དེ་ལ་ཐེག་དགུའི་དང་པོ་ཕྱ་གཤེན་ཐེག་པ་ལ་སྤྱི་རུ་དབྱེ་ན་གཏོ་ཡི་རིགས་དང་དཔྱད་ཀྱི་རིགས་གཉིས་སུ་འདུ་ལ། སྒོས་སུ་མོ་རྩིས་གཏོ་དཔྱད་བཞི་རུ་དབྱེ་བ་ཡིན། དེ་ལ་ཡང«དྲི་མེད་གཟི་བརྗིད»ལསཕྱ་གཤེན་ཐེག་པའི་བོན་སྒོ་ལ།  སྤྱི་རུ་གཏོ་སྤྱད་གཉིས་ཡིན་ཏེ།  སྒོས་སུ་རྣམ་གྲངས་བཞི་རུ་བསྟན།  པྲ་ལྟས་མོ་དང་སྣང་མཐོང་རྩིས།  ན་གསོ་གཏོ་དང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་བར་བྱ།ཞེས་གསུངས་ཤིང༌། དེ་བཞིན་དུ་བཟང་ངན་པྲ་ལྟས་བརྟག་པའི་མོ་ལ་ཡང༌།  ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང༌།  ཡེ་མཁྱེན་སྒྲ་བླའི་མངོན་ཤེས།  ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས་དང་བཅས་རྣམ་པ་བཞི་རུ་དབྱེ་ལ།    ལེགས་ཉེས་སྣང་མཐོང་གཞལ་བའི་རྩིས་ལ་ཡང༌། གབ་རྩེ་འཕྲུལ་གྱི་མེ་ལོང༌། སྤར་ཁམས་སྨེ་བ་གླིང་སྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་དང་བཅས་རྣམ་པ་བཞི་རུ་དབྱེ་ཡོད།  ན་བ་གསོ་བའི་གཏོ་ལ་ཡང༌།  འབྱུང་བ་འཁྲུག་པའི་ཡོ་གཏོ་དང༌། མདོས་ཆ་རྟེན་འབྲེལ་གྱི་བརྡེག་གཏོ། བག་ཉན་ཟློག་པའི་ཐུན་གཏོ། མཉམ་གཉིས་བསོར་བའི་བརྗེ་གཏོ་དང་བཅས་རྣམ་པ་བཞི་རུ་དབྱེ་ཡོད། འཆི་བ་བཅོས་པའི་དཔྱད་ལ་ཡང༌། རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང།  ངོས་འཛིན་རྩ་ལ་དཔྱད་པ། ཕན་གནོད་ཆུ་ལ་དཔྱད་པ། འཆི་སོས་ཁམས་ལ་དཔྱད་པ་དང་བཅས་རྣམ་པ་བཞི་རུ་དབྱེ་ཡོད་དོ།

དེ་དག་སྤྱོད་ཚུལ་གྱི་ཆ་ནས་རང་དོན་མ་ཡིན་པར་གཞན་དོན་ཁོ་ནར་སྤྱོད་པ་སྟེ། «མདོ» ལསསེམས་བསྐྱེད་གཞི་མ་ལྡན་པ་ན།།བསྐལ་བར་བསོད་ནམས་མ་བསགས་ཀྱང༌།།སྐད་ཅིག་འགྲོ་བ་ཞི་བདེ་ཡི།།ཐར་བ་ཐོབ་པའི་འགྲམ་གཞིར་འགྱུར།།དེས་ན་སེམས་བསྐྱེད་དྲག་པོ་ཡིས།།ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ།ཅེས་དང༌། མཐར་ཐུག་གི་ཡོན་ཏན་ལཁམས་གསུམ་འཁོར་བའི་ས་བསྒྲལ་ནས།།མོས་པ་སྤྱོད་པའི་ས་ལ་གནས།།མོས་སྤྱོད་ས་བཞི་ཡར་བརྒལ་ནས།།གཡུང་དྲུང་ཐེག་པའི་ས་ལ་གནས།།གཡུང་དྲུང་ས་བཅུ་རིམ་བགྲོད་ནས།།སྐུ་གསུམ་རྫོགས་པའི་ས་ལ་གནས།།མཐར་ཐུག་ཡོན་ཏན་དེ་ལྟར་ཐོབ།།ཅེས་པ་ལྟར་རོ།། ༼མུ་འགོད༽

Re:བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ། | 2013/2/20 17:19:56
bonnaktwangཕྱྭ་གཤེན་ཐེག་པ་ཐེག་པ་ཡིན་མོད་ཀྱང་། ཕྱྭ་གཤེན་པ་ཐེག་པ་མ་ཡིན་ཏེ། ཐེག་པ་ཞེས་པའི་པ་སྒྲ་མིང་མཐའ་དང་། ཕྱྭ་གཤེན་པ་ཞེས་པའི་པ་སྒྲ་བདག་སྒྲ་ཡིན་པའི་རྒྱུ་མཚན་ཡོད་པས་རྩོད་པ་འདི་རིགས་སྤྲུལ་མདུན་བཞིན་གྲོལ་བ་ལགས། དྲ་གྲོགས་ཁྱུང་གསེར་ནས།
Re:བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ། | 2013/2/19 19:20:34
སྐུ་མགྲོན་1IYl15(སྐུ་མགྲོན)འདི་ལ་ལུང་འདྲེན་མ་གཏོགས་རང་ངོས་ནས་ལྟ་བ་བཏོན་མེད་པས་གང་འདོད་འདོད་ཀྱི་བརྒལ་ལན་མི་གནང་བར་མཁྱེན་ཞུ།
རྩོམ་པ་པོ།:སྐུ་མགྲོན་1IYl15(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ། | 2013/2/19 19:15:47
སྐུ་མགྲོན་1IYl15(སྐུ་མགྲོན)རྒྱུ་ཐེག་ཐེག་པ་མིན་ན། ཁྱོད་རང་མི་མ་ཡིན་པའི་ཕྱིར་རོ། །
རྩོམ་པ་པོ།:སྐུ་མགྲོན་1IYl15(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ། | 2011/12/9 12:59:36
སྐུ་མགྲོན་r74Yq1(སྐུ་མགྲོན)རྒྱུ་ཡི་ཐིག་ཆུང་མ་ཡིན་པར་འདོད། རྒྱུ་ཡི་ཐེག་པ་མ་ཡིན་པའི་ཕྱིར་ཏེ་ཐེག་པ་མ་ཡིན་པའི་ཕྱིར་རོ།
རྩོམ་པ་པོ།:སྐུ་མགྲོན་r74Yq1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ། | 2011/12/5 22:55:31
སྐུ་མགྲོན་230Neq(སྐུ་མགྲོན)ཕྱྭ་གཤེན་པ་བོན་ཅན། རྒྱུ་ཡི་ཐེག་ཆུང་མ་ཡིན་པར་ཐལ། གཞན་དོན་ཁོ་ནར་སྤྱོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། རང་བས་གཞན་དོན་གཙོར་བྱེད་པ། །གཡུང་དྲུང་སེམས་དཔའི་སྤྱོད་པ་བཞིན། ཞེས་གསུངས་པའི་ཕྱིར། འཁོར་གསུམ།
རྩོམ་པ་པོ།:སྐུ་མགྲོན་230Neq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་ཕྱ་གཤེན་ཐེག་པ། | 2011/12/5 21:41:18
སྐུ་མགྲོན་2kb4ER(སྐུ་མགྲོན)ཡག་ནོ་མི་ཉན་ཀི
རྩོམ་པ་པོ།:སྐུ་མགྲོན་2kb4ER(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.