ཀུན་མཁྱེན་བླ་མ་མཆོད་པའི་དབྱངས་སྙན།
༧ སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་བཞེས་པའི་རྟེན་འབྲེལ་ཤིས་ཚིག
ཨེ་ཝཾ་ཟུང་འཇུག་ཉམས་རྟོགས་རྩལ་ཆེན་སྨིན། །
ཞི་ལྷག་འོད་གསལ་རང་རིག་ཡེ་ཤེས་གསལ། །
བསྐྱེད་རྫོགས་མཐར་ཕྱིན་འཁོར་འདས་རྟོག་ཚོགས་གྲོལ། །
སྣང་སྟོང་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ངང་། །
༼གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་དོ།།༽
གྲུབ་དབང་ཆོས་རྗེ་རྒྱལ་བའི་སྐྱེས་རབས་ཕྲེང་། །
དགེ་བཅུའི་མཚན་རྫོགས་ཨཀྟ་རོང་གི་ཆར། །
ཉེར་བར་བསྒྱུར་བའི་ཕུན་ཚོགས་བསོད་ནམས་མཐུས། །
འགྲོ་རྣམས་མ་ལུས་བདེ་ཆེན་ས་རུ་བཀོད། །
དགེ་ལེགས་ཉིན་བྱེད་སྣང་བའི་དཀྱིལ་འཁོར་གསལ། །
ལྷུན་གྲུབ་རིག་པའི་རང་རྩལ་མངོན་པར་རྫོགས། །
རྒྱ་མཚོའི་འཇིངས་སྒྲོལ་དེད་དཔོན་ཆེན་པོ་བཞིན། །
གདུལ་བྱའི་ཚོགས་རྣམས་མན་ངག་ནོར་གྱིས་བསྐྱངས། །
གང་གི་མཁྱེན་བརྩེའི་ཐུགས་བསྐྱེད་མཁའ་དབྱིངས་ལས། །
བརྒྱད་ཁྲི་བཞི་སྟོང་ཟབ་གསལ་བོན་གྱི་དབྱངས། །
མ་འགག་རྟག་ཏུ་སྒྲོག་པའི་བྱིན་རླབས་ཀྱིས། །
མ་དག་འཁྲུལ་བློའི་སྣང་བ་ཡང་དག་སེལ། །
རྟོག་མེད་ཡེ་ཤེས་རང་རྩལ་མངོན་ཤར་ནས། །
རིམ་གཉིས་མཐར་ཕྱིན་མཐར་ཐུག་བོན་གྱི་དབྱིངས། །
ཇི་བཞིན་མཁྱེན་པའི་གྲུབ་དབང་བོན་བརྒྱ་བ། །
འགྲོ་རྣམས་དྲང་ཕྱིར་ལྷ་མིའི་མགོན་དུ་སྤྲུལ། །
ཨེ་ཝཾ་རྩལ་གྱི་རལ་གྲི་འོད་འབར་ཅན། །
མཁའ་ལ་འཕྱར་བའི་ཚ་རྣོན་མ་བཟོད་པར།།
ཅོལ་ཆུང་གཡོ་རྫུའི་ངོ་འབག་བརྟེན་པ་ཀུན། །
ཧ་ལས་འཇིགས་ཤིང་འདར་བཞིན་སྲོག་སྙིང་ཐོར། །
༼གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་དོ།།༽
རྣམ་དཔྱོད་རིག་པའི་རྩལ་གྱི་སྲུབ་ཤིང་གིས། །
རང་གཞན་གྲུབ་མཐའི་གཞུང་དོན་འོ་མའི་མཚོ། །
ཡང་ཡང་དཀྲུགས་པའི་དོན་གྱི་འབྲུ་མར་བཅུད། །
འཛམ་གླིང་སྐྱེ་རྒུའི་བསོད་ནམས་དཔལ་དུ་སྨིན། །
འཆད་པའི་དབྱར་སྐྱེས་རྔ་གསང་ལྡིར་བའི་ཚེ། །
ཕྱོགས་ཀྱི་མདོངས་མཐས་མོས་པའི་མིག་འབུར་ཟུང་། །
ཡོངས་སུ་གཏོད་ཅིང་གུས་པའི་དབྱངས་དང་བཅས། །
མཛེས་པའི་སྒྲོ་གུར་ཕུབ་པ་མཐའ་མི་རིག །
རྩོད་པའི་གློག་ཞགས་ལམ་ལམ་འཁྱུག་པ་ཡིས། །
ལོག་རྟོག་རུ་ངའི་དབང་གྱུར་ཕས་རྒོལ་ཚོགས། །
ཡོངས་སུ་བསྲེགས་ཏེ་དྲང་ངེས་ལམ་གྱི་གཞུང་། །
ཡངས་པོར་ཕྱེས་པའི་ལེགས་བྱས་བསམ་མི་ཁྱབ། །
རྩོམ་པའི་ཉི་ཟེར་བྱེ་བའི་གཟི་བྱིན་གྱིས། །
མ་རིག་མུན་པས་གཟིར་བའི་སྐྱེ་རྒུའི་ཚོགས། །
ཡང་དག་བདེན་པའི་ལམ་གྱི་ཞིང་ཁམས་སུ། །
བདེ་བར་འདྲེན་མཛད་འཛམ་གླིང་མཁས་མང་རྒྱན། །
མཁྱེན་དཔྱོད་རིག་པའི་རྩལ་གྱི་གྲགས་སྙན་དབྱངས། །
མཁའ་མཐར་ཁྱབ་པས་འཛམ་གླིང་ཁྱོན་ཀུན་ཏུ། །
ཞབས་སོར་བསྒྱུར་ཅིང་རིགས་པའི་འཁོར་ལོ་ཆེ། །
ཐོགས་མེད་བསྐོར་བའི་མ་ཧཱ་པཎ་ཆེན་རྗེ། །
བརྒྱད་ཅུའི་གྲངས་ཀྱིས་ཉེར་བཏེགས་གསེར་གྱི་སྐུ། །
འགྲོ་རྣམས་དྲང་ཕྱིར་མི་འཇིགས་གདོང་ལྔའི་ཁྲིར། །
བརྟན་པར་བཞུགས་ཤིང་མདོ་སྔགས་རྫོགས་གསུམ་བོན། །
སྲིད་མཐའི་བར་དུ་སྒྲོགས་མཛོད་རིན་པོ་ཆེ། །
ཞེས་གང་གི་སློབ་མའི་གྲལ་མཐའ་འཛིན་པ་ཁྱུང་དཀར་ཟླ་བས་ཕུལ་བའོ། །
2013.10.6
- ཟིན་ཐོ་གོང་མ།བླ་མའི་སྐུ་དྲིན་གླུ་ཡིས་བསྟོད།
- ཟིན་ཐོ་འོག་མ།འཚོ་བྱེད་རྒྱལ་བོའི་གཟི་བྱིན།