བོན་སྐུ་ཀུན་ཏུ་བཟང་པོ།
----------------རང་གིས་རང་ལ་བསྐུལ་བ།
༄༅།།ཐུགས་རྗེའི་གཏེར་ཆེན་མངའ་བདག་རིན་པོ་ཆེ། །
ལྔ་རིག་སོར་རྩེར་རྩེན་པའི་ཀུན་མཁྱེན་དབང་། །
དྲུང་མུ་གྱེར་བསྟན་རྒྱལ་མཚན་མཐོར་སྒྲེང་པའི། །
བོན་བརྒྱ་ཡབ་སྲས་ཟུང་ལ་གུས་ཕྱག་འཚལ། །
གང་གིས་ཚོགས་གཉིས་རྒྱ་ཆེར་བསགས་པའི་མཐུས། །
བླ་མེད་རིན་ཆེན་རྟེན་བཟང་འདི་ཙམ་རྙེད། །
རྙེད་ཀྱང་འཁོར་བའི་གཏིང་མཐའ་རིང་པོ་ནས། །
དགའ་སྐྱོ་ཆགས་སྡང་ལོངས་སུ་སྤྱོད་འདིས་སྐྱོ། །
འདི་སྣང་ལོངས་སྤྱོད་རྫོགས་པའི་འདོད་ཡོན་ལ། །
དུངས་པ་ཟབ་མོ་འཁོར་བའི་འཆིང་ཐགས་ཡིན། །
འཆིང་ཐགས་གཅོད་པར་སེམས་ཅན་ཀུན་ཀྱང་བཀྱེད། །
དུངས་པའི་ཡུལ་མཆོག་བོན་ཉིད་ཀློང་ཡིན་མོད། །
སྣང་བ་འཁྲུལ་བའི་ངོ་ལ་འཁོར་བར་དུངས། །
ཚེ་འདིའི་སྣང་བ་སྒྱུ་མར་མ་མཐོང་ན། །
ངན་སོང་སྐྱེ་སྒོ་གཅོད་པའི་གླགས་མ་མཆིས། །
འཇིག་རྟེན་འཇིག་རྟེན་ཡིན་པ་ངོ་ཤེས་ཀྱང་། །
ད་རུང་འཇིག་པའི་རྟེན་འདིར་ལྷག་ཏུ་གཅེས། །
ཅི་ཙམ་གཅེས་ཀྱང་འཇིག་པའི་མཐའ་མ་ལ། །
ཅི་ཡང་མེད་པར་རང་ཉིད་གཅིག་པུ་འཁྱམས། །
དེ་དུས་འཇིགས་སྐྲག་སྡུག་བསྔལ་ཅི་བྱུང་ཡང་། །
གསེར་དངུལ་ནོར་གྱིས་བཤོལ་བ་མི་ནུས་ཤིང་། །
གཉེན་དང་གྲོགས་ཀྱིས་ཁག་ཁུར་མི་ཐུབ་པ། །
མི་འགྱུར་གཡུང་དྲུང་བོན་ཉིད་ཟབ་མོས་སྐྱོབ། །
སྐྱིད་སྐྱིད་འདྲ་བའི་འཁོར་བའི་གྲོང་ཁྱེར་ན། །
ཁ་རྒྱབ་མི་སོས་སྡུག་བསྔལ་ལོས་ཀྱང་ཡོད། །
ནོར་གྱིས་ཕྱུག་ཀྱང་སྡུག་བསྔལ་རྒྱུན་མི་ཆད། །
སེམས་ཉིད་བདེ་ལ་འབབ་པའི་སྐབས་མ་མཆིས། །
སེམས་ཉིད་བདེ་ལ་བབས་ན་དགེ་བ་འགྲུབ། །
དགེ་བ་ཀུན་གྱི་རྩ་བ་སེམས་ལ་རག། །
སེམས་པ་འཁྲུགས་ན་དགེ་བ་ཅི་བསྒྲུབས་ཀྱང་། །
དགེ་ལ་མི་འགྲོ་སྡུག་པའི་ཁ་གསོག་ཡིན། །
གང་ཞིག་སེམས་ཉིད་རྣམ་པར་མ་དག་ན། །
ཨ་དཀར་སལེ་བྱ་བའི་གཟུངས་འདི་ཡང་། །
སྟོང་བཟླས་ཁྲི་བརྗོད་བྱས་ཀྱང་ཕན་ཆུང་བས། །
རྣམ་དག་སེམས་འདི་ཐར་བའི་དམུ་ཐག་ཡིན། །
གཟུགས་ཀྱི་ཕུང་བོའི་རྒྱ་འདི་མ་བཤིག་བར། །
གཞན་ལ་གནོད་པའི་ལས་གང་མི་བྱ་ཞིང་། །
རང་ཉིད་ཆེ་མཐོའི་བློ་ཡང་མི་བཟུང་བར། །
ཅི་བྱས་དགེ་ལ་གཞོལ་བའི་དམ་བཅའ་འཇོག།
དམ་བཅའ་དམ་ལས་མི་འདའ་སྙིང་ལ་འཛིན། །
དམ་ཚིག་ཆག་ཉམས་སྨྱོན་པ་མགོ་འཁོར་སྐྱེ། །
འཆི་ཁ་ཐ་མའི་སྐད་ཅིག་ཙམ་ལ་ཡང་། །
དགེ་བའི་སེམས་ཉིད་བདུད་རྩི་བཞིན་དུ་མཆོད། །
འཆི་བ་སེམས་ཅན་ཡོངས་ལ་སྤྱི་སྙོམས་ཡིན། །
འདིར་འབྱུང་འདིར་མི་འབྱུང་གི་རྟག་མཐའ་མེད། །
དེས་ན་འཆི་བའི་ལས་ལའང་འཇིགས་དོགས་མེད། །
འཇིགས་དང་མི་འཇིགས་རང་གི་སེམས་ལ་རག།
དགེ་བའི་ཚོགས་གསོག་མི་དེ་འཆི་ཁར་བདེ། །
སྡུག་གསོག་ལས་ངན་མི་དེ་འཆི་ཁར་སྡུག།
བདེ་སྡུག་ཁོ་ན་ཕྱི་མའི་གྲོགས་སུ་འགྲོ། །
ཕྱི་མའི་བདེ་སྡུག་ཚེ་འདིའི་ཅི་བྱས་བཞིན། །
བར་དོ་འཕྲང་རིང་འགྲིམས་པའི་ལམ་ཁ་ནས། །
འོད་ལྔ་འཕྲུལ་བའི་སྣང་བ་ཅི་ཤར་ཡང་། །
དེ་དུས་རང་ངོ་ཟིན་པ་མ་བྱུང་ན། །
རྣམ་ཤེས་འཁྱམ་པོ་ཐར་བའི་སྐབས་མ་མཆིས། །
བླ་མ་ལམ་མཁན་ཡིན་པས་ཡིད་ཆེས་གཙོ། །
རང་ཉིད་ལམ་འགྲོ་ཡིན་པས་རྒྱགས་ཆས་གཙོ། །
དེའི་ཕྱིར་ཚེ་འདིའི་དབང་བོ་མ་འགག་བར། །
བླ་མས་ཅི་གསུངས་སྒྲུབ་པ་ཀུན་གྱི་གཙོ། །
དེས་ན་སྐལ་ལྡན་བུ་རུ་སྐྱེས་དུས་འདིར། །
བླ་མས་ཅི་གསུངས་བོན་ཚིག་རེ་རེ་ཡང་། །
སྙིང་ཁོང་རུས་པའི་ཁྲི་ལ་བཏེགས་ནས་ཀྱང་། །
ཡུལ་མཆོག་འོལ་མོ་ལུང་རིང་ཕྱོགས་སུ་ཆས། །
ཡང་དག་ལམ་འདིར་ཞུགས་པའི་མཐུན་རྐྱེན་ལ། །
དཔལ་ལྡན་རྩ་བའི་བླ་མས་ཐུགས་རྗེས་ཟུངས། །
བོན་སྐྱོང་སྲུང་མས་སྡོངས་གྲོགས་དམ་པ་མཛོད། །
ཅི་བསམ་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །
- ཟིན་ཐོ་གོང་མ།སེམས་ཀྱི་མཆོད་པ།
- ཟིན་ཐོ་འོག་མ།རྒྱང་རིང་གི་ཉི་མ།