གྲངས་མེད་ཚོགས་བསགས་སྤངས་རྟོགས་ཡོན་ཏན་རྫོགས།།
སྒྲིབ་གཉིས་བག་ཆགས་ཡོངས་བྲལ་མངོན་སངས་རྒྱས།།
བརྒྱད་ཁྲི་བཞི་སྟོང་བོན་གྱི་འཁོར་ལོ་བསྐོར།།
རྒྱལ་བ་གཤེན་རབ་མི་བོར་གུས་ཕྱག་འཚལ།།
མཚན་དཔེ་གསལ་རྫོགས་ཡིད་འོང་དྲི་མེད་སྐུ།།
མ་རིག་ལོག་རྟོག་ཀུན་སེལ་འགག་མེད་གསུང༌།།
ཇི་སྙེད་ཤེས་བྱ་ཀུན་མཁྱེན་གཡོ་མེད་ཐུགས།།
རྒྱལ་བ་མཉམ་མེད་མཆོག་ལ་སྙིང་ནས་འདུད།།
འཆད་པ་གློག་གི་ཞགས་པ་རྣམ་པར་འཁྱུག །
རྩོམ་པ་ཆར་བའི་རྒྱུན་བཟང་ལྷུག་པར་འཇོ།།
རྩོད་པ་གནམ་ལྕགས་ཐོག་མདའ་དྲག་ཏུ་འབར།།
ཀུན་མཁྱེན་མངྒ་ཝེར་ཞིས་ཤིས་པ་སྩོལ།།
ཟླ་མེད་ཐུགས་བསྐྱེད་ནམ་མཁའ་ཡངས་པོ་ལས།།
ཟབ་གསལ་ཤེས་རིག་ནོར་བུའི་ཉིན་བྱེད་འབུམ།།
འཛམ་གླིང་སྐྱེ་རྒུ་དགྱེས་པའི་དཔལ་དུ་ཤར།།
སྐྱབས་རྗེ་བླ་མ་བོན་བརྒྱའི་ཞབས་ལ་འདུད།།
འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་ལ།།
བཤད་སྒྲུབ་སྒོམ་པས་རྟོགས་པ་རང་སར་གྲོལ།།
ངེས་པ་དོན་གྱི་རྫོགས་ཆེན་རྣལ་འབྱོར་བ།།
སྐྱང་སྤྲུལ་བླ་མས་བྱིན་རླབས་དངོས་གྲུབ་སྩོལ།།
- ཟིན་ཐོ་གོང་མ།རྟེན་འབྲེལ་ཞུ།
- ཟིན་ཐོ་འོག་མ།རང་བྱུང་སེམས་ཀྱི་གཞས་ཆུང་དམར་མོ།