བོན་སྐུ་ཀུན་ཏུ་བཟང་པོ།
--- སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་ཤིས་ཚིག
ཚོགས་གཉིས་རབ་རྫོགས་མཁྱེན་དཔྱོད་མཁའ་ལྟར་ཡངས། །
སྒྲིབ་གཉིས་བག་ཆགས་དྲི་བྲལ་ཀུན་མཁྱེན་རྗེ། །
ཕྱི་ནང་གསང་གསུམ་བོན་སྒོ་བརྒྱད་ཁྲིའི་མཛོད། །
རྒྱལ་གཤེན་བསྟན་པའི་སྲོལ་འཛིན་སྨན་རི་བ། །
ལྟ༷་བ་རབ་ཡངས་འཆི་མེད་ལྷ་ཡི་རྫིང་། །
སྒོ༷མ་པ་ཟབ་མོ་ཆུ་གཏེར་ཆེན་པོའི་ཀློང་། །
སྤྱོ༷ད་པ་བླ་མེད་ཁྱུང་གཤོག་ལྡེམ་མྱུར་ཅན།། །
སྲིད་གསུམ་ལྷ་མིའི་མགོན་པོ་སྨན་རི་བ། །
ཐོས་བསམ་སྒོམ་པས་རིག་པ་ཀློང་ནས་བརྡོལ། །
འཆད་རྩོད་རྩོམ་པས་ལོག་རྟོག་དྲུང་ནས་འབྱིན། །
བསྙེན་སྒྲུབ་ལས་ཀྱིས་གོང་མའི་རྒྱལ་ས་ཟིན། །
རིགས་དྲུག་ཐར་ལམ་སྟོན་མཛད་རྒྱལ་ཚབ་མཆོག །
གྲངས་མེད་དཀའ་བའི་ངལ་བ་འཁུར་བཞེས་ཏེ། །
ལྷོ་ཕྱོགས་འཕགས་པའི་ཡུལ་དུ་གཞིས་གསར་ཚུགས། །
རྒྱལ་བསྟན་འོད་སྣང་ཕྱོགས་བཅུར་འགྲེམས་མཛད་པའི། །
འཕྲིན་ལས་ཉི་མའི་དཀྱིལ་འཁོར་མཁའ་མཐར་འཚེར། །
ཧི་མ་ལ་ཡ་རི་བོའི་ཕ་རོལ་ནས། །
མི་འགྱུར་ཞྭ་དཀར་བསྟན་པའི་འཁོར་ལོ་ཆེ། །
ཐོགས་མེད་སྐོར་བའི་རྒྱལ་ཚབ་སྨན་རི་བ། །
རིགས་དྲུག་སྐྱེ་འགྲོའི་བསོད་ནམས་དཔལ་དུ་ཆེ། །
བོན་གཞིས་ཐོབ་རྒྱལ་གསར་བའི་འདུས་སྡེ་ནས། །
མཉམ་མེད་རྒྱལ་བའི་ལུགས་བཟང་རྨ་མེད་པ། །
མི་འཇིགས་དཔུང་བ་བརྟན་པོས་རབ་བཙུགས་པས། །
བོན་གྱི་རྒྱལ་མཚན་སྲིད་གསུམ་རྩེ་རུ་བསྒྲེངས །
ལུ༷ང་རྟོ༷གས་ཡོན་ཏན་མཐར་ཕྱིན་རིག་པའི་མཛོད། །
སངས་རྒྱས་གཡུང་དྲུང་བོན་གྱི་བསྟ༷ན་པ༷འི་བདག །
རྨོངས་པའི་མུན་སེལ་ཉི༷་མ༷་གཞོན་ནུའི་ཟླ། །
སྨན་རིའི་ཁྲི་འཛིན་བསྐལ་བརྒྱར་བརྟན་གྱུར་ཅིག །
ཞེས་གླིང་བརྒྱ་བ་ཁྱུང་དཀར་ཟླ་བ་ནས་སྤྱི་ལོ༢༠༠༨ལོའི་ཟླ༡༠བའི་ཚེས༢༨ཉིན་རང་ཡུལ་རེབ་གོང་ནས་གུས་པས་སྦྱར་བའོ། །
- ཟིན་ཐོ་གོང་མ།རང་བྱུང་སེམས་ཀྱི་གཞས་ཆུང་དམར་མོ།
- ཟིན་ཐོ་འོག་མ།གངས་རིའི་སེམས་དཔའ།
