བདུན་པ། ཨ་དཀར་ཐེག་པ།
ཐེག་པ་བདུན་པ་ཨ་དཀར་ཐེག་པ་ནི་སྟོན་པ་ཉིད་གཤེན་ལོ་བདུན་བཞེས་པའི་ཚེ་ཡུལ་འོལ་མོ་ལུང་རིང་གི་ལྷོ་ཤར་བདུད་འདུལ་སྔགས་ཀྱི་གླིང་དུ་བྱོན་ནས། གྲོང་ཁྱེར་ཆེན་པོ་ཤ་ཟ་མཚམས་གླིང་གི་དབུས། གསས་ཁང་ཁ་རག་བདུད་འདུལ་གྱི་མདུན་ནས་གསང་རྒྱུད་ཨ་དཀར་ཐེག་པ་སྟེ་ཆབ་དཀར་ནག་པོ་སྔགས་ཀྱི་བོན་འདི་དབང་ གཤེན་གཙུག་ཕུད་ལ་གཉེར་དུ་གཏད་དོ། །
དེ་ཡང«མདོ»ལས།“གསང་ཞེས་བྱ་བ་བླ་ན་མེད།།སྔགས་ཞེས་བྱ་བ་རྨད་དུ་བྱུང༌།།ཆབ་དཀར་ནག་པོ་སྔགས་ཀྱི་བོན། ཆབ་ནི་འཁོར་བ་སྒྲོལ་བ་ལ། དཀར་ནི་བག་ཆགས་སྐྱོན་དང་བྲལ། ནག་པོ་མི་འགྱུར་བོན་ཉིད་དབྱིངས། སྔགས་ནི་དོན་དམ་བདེན་པའི་སྔགས། ཨ་དཀར་ཐབས་ཤེས་གཉིས་སུ་མེད།”ཞེས་གསུངས་པ་ལ་སྤྱིར་རྒྱ་ཆེ་གྲངས་མང་ན་ཡང༌། བསྡུས་ན་སྤྱི་སྡེ་ཆེན་པོ་རྣམ་པ་དགུ་ཡོད། དེ་ལ་གསས་མཁར་གསང་བ་སྒོ་དགུ་སྟེ། གཡུང་དྲུང་ལྷ་རྩེ་གསས་ཀྱི་མཁར་དང་གཅིག བ་གམ་ལྷ་རྩེ་གསས་ཀྱི་མཁར་དང་གཉིས། པད་མ་གླིང་ཆེན་གསས་ཀྱི་མཁར་དང་གསུམ། གཡུ་རྩེ་འོད་འབར་གསས་ཀྱི་མཁར་དང་བཞི། མེ་རི་འབར་བ་གསས་ཀྱི་མཁར་དང་ལྔ། ལྷུན་པོ་བརྩེགས་པ་གསས་ཀྱི་མཁར་དང་དྲུག སྣང་སྲིད་རབ་འབྱམས་གསས་ཀྱི་མཁར་དང་བདུན། མཚོན་ཆ་མེ་དབལ་གསས་ཀྱི་མཁར་དང་བརྒྱད། རིན་ཆེན་སྤྱི་སྤུངས་གསས་ཀྱི་མཁར་དང་དགུའོ།། རྩ་བའི་གསས་མཁར་དེ་དག་ལ་ཡན་ལག་གསས་མཁར་ཉི་ཤུ་རྩ་བདུན་བཅས་ཡོད་དོ།།
ཉམས་ལེན་གྱི་ཚུལ་ལ་ཕྱི་ནང་གསང་བ་གང་སྤྱོད་ཀྱང་སྤང་བསྒྱུར་གྲོལ་གསུམ་དུ་འཇུག་པ་དང༌། བསྙེན་དང་བསྒྲུབ་པའི་གོ་རིམ་ལ་བསྡུས་ན་གསུམ་སྟེ། བསྙེན་སྒྲུབ་ལས་གསུམ་གྱི་གོ་རིམ་མོ།། དེ་ལ་ཐོག་མར་བསྙེན་པའི་རིམ་པ་ལ་བསྙེན་པའི་གཞི་མ་སྒོ་དགུ་སྟེ། སྔོན་འགྲོ་ཕྱི་ཡི་བསྙེན་པ་གསུམ༼དཔོན་གསས་ལྷ་ལ་བསྙེན་པ། རིགས་ལྡན་གནས་ལ་བསྙེན་པ། མཚན་ལྡན་གྲོགས་ལ་བསྙེན་པ༽དང༌། ཉེ་བ་ནང་གི་བསྙེན་པ་གསུམ༼ཡོ་བྱད་རྫས་ལ་བསྙེན་པ། ཐར་ཀླུད་བསྐང་ལ་བསྙེན་པ། ཕྱི་རྟེན་སྐོས་ཀྱི་བསྙེན་པ༽དང༌། བཅའ་གཞི་ལས་ཀྱི་བསྙེན་པ་གསུམ༼སྲུང་བ་མཚམས་བཅད་ཕྱི་རུ་བསྙེན། དཀྱིལ་འཁོར་དལ་བྲི་ནང་དུ་བསྙེན། སྒོ་དབྱེ་བསྲེ་བསྣན་གསང་བར་བསྙེན༽དང་བཅས་དགུའོ།། གཉིས་པ་སྒྲུབ་པའི་རིམ་པ་ལ་སྒྲུབ་པའི་ཡན་ལག་བཅོ་བརྒྱད་དེ། ཐོག་མར་གཞི་ཡི་ཡན་ལག་དྲུག༼བར་མཚམས་བདག་ཉིད་དོན་དུ་བསྒྲུབ། ཕྱག་རྒྱ་དགོས་པ་བདག་ཏུ་བསྒྲུབ། དུག་ལྔ་རང་གྲོལ་གདན་དུ་བསྒྲུབ། སྤྱན་དྲང་ཡེ་ཤེས་གཉིས་མེད་བསྒྲུབ། ཕྱག་འཚལ་མོས་འདུན་གུས་པར་བསྒྲུབ། ཉེས་ལྟུང་ཉམས་བཤགས་གུས་པས་བསྒྲུབ།༽ངོ་མཚར་ལམ་གྱི་ཡན་ལག་དྲུག༼གསང་བ་ཉོན་མོངས་ཚར་བཅད་བསྒྲུབ། ཡེ་ཤེས་བྱིན་རླབས་ལོངས་སྤྱོད་བསྒྲུབ། འཕྲོ་འདུ་གསང་བ་འཛབ་ཏུ་བསྒྲུབ། ཕྱག་རྒྱ་གསང་བ་གར་དུ་བསྒྲུབ། སྐུ་མདོག་ཕྱག་མཚན་གདན་ཁྲིར་བསྒྲུབ། ཞི་ཁྲོ་གནས་འགྱུར་རྟགས་སུ་ བསྒྲུབ༽མཐར་ཕྱིན་འབྲས་བུའི་ཡན་ལག་དྲུག༼དངོས་གྲུབ་ཡང་སྙིང་བཅུད་དུ་བསྒྲུབ། དུས་གསུམ་འབྲལ་མེད་དམ་བཅར་བསྒྲུབ། བདུད་རྩི་ཟད་མེད་གཏེར་དུ་བསྒྲུབ། དམར་ལམ་སྦྱོར་སྒྲོལ་རོལ་བར་བསྒྲུབ། གཟིར་མནན་དྲག་པོ་སྟོབས་སུ་བསྒྲུབ། དབྱེ་བསྡུ་ཡེ་ཤེས་དོན་དུ་བསྒྲུབ༽དང་བཅོ་བརྒྱད་དོ།། གསུམ་པ་ལས་ཀྱི་མཐའ་བསྒྱུར་ལ་ལས་ཀྱི་ཐ་མ་མཆོང་དགུ་སྟེ། གསལ་བྱེད་མེ་ལོང་པྲ་ཡི་མཆོང༌། སྣང་སྲིད་རབ་འབྱམས་སྐོང་གི་མཆོང༌། ཡེ་ཤེས་དབལ་མོ་སྲོག་གི་མཆོང༌། ཐུགས་རྗེ་ཞགས་པ་འདུར་གྱི་མཆོང༌། ལས་བཞི་རྒྱུན་ལྔ་སྒྲིབ་སྦྱང་མཆོང༌། འབུམ་སྡེ་ས་ཡ་དམ་ཚིག་མཆོང༌། བདུད་རྩི་གསང་བ་སྨན་གྱི་མཆོང༌། ཐིག་ལེ་དབྱིངས་ཆེན་དགོངས་པའི་མཆོང༌། ཀུན་ཁྱབ་ཡངས་པ་ལྟ་བའི་མཆོང་དང་དགུའོ།། དེ་ལྟར་བསྙེན་དང་བསྒྲུབ་པ་ལ་སོགས་ཀྱི་དོན་དང་ཡོན་ཏན་ཐོབ་ཚུལ་ལ། དོན་དམ་ཀུན་རྫོབ་གཉིས་སུ་སྟེ། སྒྲུབ་པའི་རྟགས་དང་མཚན་མ་ཐོན་པ་ནི་ཀུན་རྫོབ་མཚན་མར་བདེན་པ་དང༌། བསྙེན་སྒྲུབ་དྲོད་ཚད་ཐོན་པ་ནི་དོན་དམ་ངོ་བོར་བདེན་པའོ།། ༼མུ་འགོད༽