ལྔ་བ། དགེ་བསྙེན་ཐེག་པ།
ཐེག་པ་ལྔ་བ་དགེ་བསྙེན་ཐེག་པ་ནི་སྟོན་པ་ཉིད་གཤེན་ལོ་ལྔ་བཞེས་པའི་དུས་སུ། སྡིག་པ་མི་དགེ་བ་བཅུ་སྤོང་ཞིང་དགེ་བ་རྣམ་པ་བཅུ་དང་དུ་བླངས་ན་འབྲས་བུ་ཐར་བ་ཐོབ་པར་བསྒྲུབ་པའི་ཕྱིར། གྲོང་ཁྱེར་ཆེན་པོ་རྒྱལ་པོའི་ཁབ་ཏུ་བྱོན་ནས་ཚངས་པ་གཙུག་ཕུད་ཉིད་ལ་དགེ་བསྙེན་ཐེག་པའི་བོན་སྒོ་འདི་བསྟན་པའོ། །
དེ་ཡང་དགེ་བསྙེན་བྱ་བའི་དོན་ནི«མདོ»ལས“དགེ་ཞེས་བྱ་བ་སྡིག་པ་མེད། ལུས་ངག་ཡིད་གསུམ་དགེ་བར་བཀོལ། དང་དུ་བླངས་པས་དགེ་བ་ཞེས། བསྙེན་ཞེས་བྱ་བ་ཡང་དག་དོན། ཕྱིན་ཅི་མ་ལོག་བསྙེན་པས་བསྙེན། དགེ་ལ་བསྙེན་ཅིང་ཚུལ་ལ་གནས། ཡང་དག་དོན་ལ་འཇུག་སྤྱོད་དོ།”ཅེས་པའོ། དེའི་དོན་བསྡུས་ན་རྣམ་པ་བཞི་རུ་འདུ་སྟེ། མདོ་འབུམ་གཟུངས་དང་མན་ངག་བཞིའོ། དེ་ལས་མན་ངག་ནི་དཔོན་གསས་ལུང་གི་བོན། གཟུངས་ནི་ཆབ་དཀར་ནག་པོར་སྔགས། འབུམ་ནི་རྒྱས་པ་སྤྱིར་སྤྲོ་བ། མདོ་ནི་རྒྱུ་འབྲས་གཞལ་བྱ་སྟེ། ཐེག་པ་ཐམས་ཅད་རྩ་བ་ནི། མདོ་སྡེ་དག་ལས་བྱུང་བའོ། །ཞེས་རྩ་བ་རྒྱུ་འབྲས་ལ་ཐུག་པའི་དོན་ནི༌། འཁོར་བའི་ལས་ལ་བློ་ལྡོག་ཅིང་ཐར་བའི་དོན་ལ་སྤྲོ་བ་བསྐྱེད་ནས་བསམ་པ་རྩེ་གཅིག་གིས་བྱང་ཆུབ་བསྒྲུབ་པ་ལ། རྒྱུ་མི་དགེ་བའི་སྡིག་པ་བཅུ་སྤང་ཞིང་དགེ་བ་བཅུ་དང་དུ་བླངས་ན་འབྲས་བུ་ཐར་བའི་གོ་འཕང་ཐོབ་པའོ།། དེ་ཅི་ལྟར་སྤྱོད་པའི་ཚུལ་ལ་རིམ་པ་ལྔ་ཡོད་དེ། དག་པ་ཁྲུས་ཀྱི་སྤྱོད་པ། ཕྱག་སྐོར་མོས་འདུན་གྱི་སྤྱོད་པ། སྐུ་གདུང་ཚ་ཚའི་སྤྱོད་པ། རྣམ་དག་མཆོད་གཏོར་གྱི་སྤྱོད་པ། ཚོགས་རྫས་གོ་ཆའི་སྤྱོད་པའོ།།
དྲུག་པ། དྲང་སྲོང་ཐེག་པ།
ཐེག་པ་དྲུག་པ་དྲང་སྲོང་ཐེག་པ་ནི་སྟོན་པ་ཉིད་གཤེན་ལོ་དྲུག་བཞེས་པའི་ཚེ་འདུལ་བ་ཁྲིམས་ཀྱི་གླིང་ཞེས་པའི་གྲོང་ཁྱེར་ཆེན་པོ་སྤྲོ་ལྡན་གྱི་དབུས་སུ་བྱོན་ཅིང་ཕེབས་ནས། གསས་ཁང་བ་རབ་གསེར་གླིང་གི་ནང་དུ་ཚངས་པ་གཙུག་ཕུད་ལ་གཉེར་ཏུ་གཏད་པའོ། །
དེ་ཡང་དལ་བརྒྱད་འབྱོར་བཅུ་ཚང་ཞིང་སྨྲ་བསམ་དབང་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀུན་གྱིས་ཐར་བའི་འབྲས་བུ་བསྒྲུབ་པ་ལ། འདུལ་ཁྲིམས་རྣམ་དག་སྲུང་དགོས་པས། ཐོག་མར་སྲུང་བའི་རྒྱུ་ལ་རྣམ་པ་ལྔ་སྟེ། རྒྱུ་ཞེ་སྡང་གི་སྟོབས་ཀྱིས་སྟོང་ཉིད་ཡེ་ཤེས་ཀྱི་དོན་སྒྲིབ་ཅིང༌། འབྲས་བུ་དམྱལ་བའི་རྒྱུ་རུ་སྨིན། རྒྱུ་འདོད་ཆགས་ཀྱི་དབང་གིས་སོར་རྟོགས་ཡེ་ཤེས་ཀྱི་དོན་སྒྲིབ་ཅིང༌། འབྲས་བུ་ཡི་དྭགས་ཀྱི་རྒྱུ་རུ་སྨིན། རྒྱུ་གཏི་མུག་གི་དབང་གིས་མེ་ལོང་ཡེ་ཤེས་ཀྱི་དོན་སྒྲིབ་ཅིང༌། འབྲས་བུ་བྱོལ་སོང་གི་རྒྱུ་རུ་སྨིན། རྒྱུ་ཕྲག་དོག་གི་དབང་གིས་བྱ་གྲུབ་ཡེ་ཤེས་ཀྱི་དོན་སྒྲིབ་ཅིང༌། འབྲས་བུ་མི་ཡི་རྒྱུ་རུ་སྨིན། རྒྱུ་ང་རྒྱལ་གྱི་དབང་གིས་མཉམ་ཉིད་ཡེ་ཤེས་ཀྱི་དོན་སྒྲིབ་ཅིང༌། འབྲས་བུ་ལྷ་མིན་གྱི་རྒྱུ་རུ་སྨིན། དེ་ལྟར་ཞེ་སྡང་དང་འདོད་ཆགས། ང་རྒྱལ། ཕྲག་དོག་བཅས་ནི་རྩ་བའི་རྒྱུ་བཞི་དང་གཏི་མུག་མ་རིག་པ་ནི་ཀུན་ལ་ཁྱབ་པས། དེ་དག་ལས་བྱུང་བའི་ཉེས་པའི་ཚོགས་རྣམས་སྲུང་བའི་རྒྱུ་རུ་བསྟན་པའོ།།
གཉིས་པ་སྲུང་བའི་ཐབས་ལ་རྣམ་པ་གཉིས་ཡོད་དེ། ཕྱི་ཡི་ཚུལ་དང་ནང་གི་ཁྲིམས། ཕྱི་ཚུལ་ལ་ཡང་གསུམ་ཡིན་ཏེ། གདུལ་བྱ་འདུལ་བའི་ཕྱི་ཚུལ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ། མཉམ་ཉིད་ཞི་བའི་ངང་ཚུལ་ལོ།། གདུལ་བའི་ཕྱི་ཚུལ་ལ་གནས་རྫས་གྲོགས་གསུམ་དང་དེ་རེ་རེ་ལ་ཡང་སྤང་བླང་གི་གནས་གཉིས་རེ་ཡོད་དོ།། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ལ་ཡང་རྒྱུ་འབྲས་སྤང་བླང་གི་སྤྱོད་ཚུལ་དང༌། བྱ་བྱེད་ལུས་ཀྱི་སྤྱོད་ཚུལ། སྨྲ་བརྗོད་ངག་གི་སྤྱོད་ཚུལ་བཅས་རྣམ་པ་གསུམ་དང་དེ་རེ་རེ་ལ་ཡང་བླང་དོར་གྱི་གནས་གཉིས་རེ་བསྟན་པའོ།། མཉམ་ཉིད་ཞི་བའི་ངང་ཚུལ་ལ་ཡང་ཞེ་སྡང་འདོད་ཆགས་གཏི་མུག་བཅས་རྣམ་པ་གསུམ་དུ་བསྟན་པ་དག་ནི་ཕྱི་ཡི་ཚུལ་གྱི་མཚན་ཉིད་བསྟན་པའོ།། ནང་གི་ཁྲིམས་ལ་རྩ་བའི་ཁྲིམས་ཆེན་སྡེ་བཞི་སྟེ། རྒྱུ་མ་རིག་པ་དང༌། རྐྱེན་མ་རྟོགས་པ་ཡིས་བསླད་པའོ།། དེ་ལས་ཞེ་སྡང་ལ་ཡིད་ལ་བརྣགས་པ་དང་ཞེ་ལ་བརྣགས་པ་གཉིས་དང༌། ཡན་ལག་ཉི་ཤུ་རྩ་ལྔ་སྟེ་བྱམས་པའི་གཉེན་པོས་སྲུང་བར་བྱའོ།། འདོད་ཆགས་ལ་སྲེད་པ་མི་ཚངས་པར་སྤྱོད་པ་དང་ལེན་པ་མ་བྱིན་པར་བླང་བ་གཉིས་དང་ཡན་ལག་ཉི་ཤུ་རྩ་ལྔ་སྟེ་སྦྱིན་པའི་གཉེན་པོས་སྲུང་བར་བྱའོ།། ང་རྒྱལ་ལ་རང་ཆེ་འགྱིང་དང་དྲེགས་པ་གཉིས་དང་ཡན་ལག་ཉི་ཤུ་རྩ་ལྔ་སྟེ་ཞི་བའི་གཉེན་པོས་སྲུང་བར་བྱའོ།། ཕྲག་དོག་ལ་བདག་བཟུང་དང་གཞན་འཛིན་གཉིས་དང་ཡན་ལག་ཉི་ཤུ་རྩ་ལྔ་སྟེ་ཡངས་པའི་གཉེན་པོས་སྲུང་བར་བྱའོ། །
གསུམ་པ་སྲུང་བའི་ཚུལ་ལ་རྣམ་པ་གཉིས་ཏེ། ཐབས་ལ་བརྟེན་སྟེ་སྲུང་ཚུལ་དང༌། རང་ བཞིན་སྤྱོད་པའི་འདྲ་ཚུལ་ལོ།། ཐབས་ལ་བརྟེན་སྟེ་སྲུང་ཚུལ་ནི་བླང་དབོག་གཉིས་སུ་འབྱུང་སྟེ། བླང་བ་ལ་ཡང་གསེར་གྱི་མཆོད་རྟེན་འདྲ་བའི་མཁན་པོ་དང༌། འགྱུར་མེད་རི་བོ་འདྲ་བའི་དཔང་པོ། དྲི་མེད་ཤེལ་སྒོང་འདྲ་བའི་སློབ་དཔོན་གསུམ་འབྱུང་བ་ལ་སྒོ་གསུམ་གུས་པས་བླང་བར་བསྟན་པའོ།།
དབོག་པ་ལ་རྩ་བ་ཡན་ལག་ཉིང་ལག་གསུམ་སྟེ། དེའི་ཡན་ལག་ཏུ་གྱུར་བ་ལ་ཁ་ཟས་ཀྱི་སྡེ་དང་གོན་པའི་སྡེ། ཁྲི་སྟན་གྱི་སྡེ་དང་གྲོགས་ཀྱི་སྡེ་བཅས་ཡན་ལག་སྡེ་བཞི་དབོག་པར་བསྟན་པའོ། །
བཞི་བ་བསྲུང་བའི་སྐྱོན་ཡོན་ལས་མ་བསྲུང་བའི་སྐྱོན་ནི་ངན་སོང་འཁོར་བའི་གནས་སུ་འཁྱམས་ནས་ཐར་བའི་ལམ་དང་རྒྱང་ཐག་རིང་བའོ།། བསྲུང་བའི་དོན་དང་ཡོན་ཏན་ནི་ཁམས་གསུམ་འཁོར་བའི་ས་ལས་བསྒྲལ་ནས་གཡུང་དྲུང་ཐེག་པའི་ས་ལ་གནས་པར་འགྱུར་རོ། །༼མུ་འགོད༽
- ཟིན་ཐོ་གོང་མ།བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་རགས་བསྡུས་ལས་སྲིད་གཤེན་ཐེག་པ།
- ཟིན་ཐོ་འོག་མ།བོན་ཐེག་དགུའི་རྣམ་གྲངས་ངོ་སྤྲོད་ལས་ཨ་དཀར་ཐེག་པ།