གསུམ་པ། འཕྲུལ་གཤེན་ཐེག་པ།
ཐེག་པ་གསུམ་པ་འཕྲུལ་གཤེན་ཐེག་པ་ནི་སྟོན་པ་ཉིད་གཤེན་ལོ་གསུམ་བཞེས་པའི་དུས་སུ་རི་གཡུང་དྲུང་དགུ་བརྩེགས་ཀྱི་བྱང་ཕྱོགས། གྲོང་ཁྱེར་ཆེན་པོ་རྫུ་འཕྲུལ་དགའ་བ་ཅན་དུ་ཕེབས་ཤིང་གསས་ཁང་ཁོ་མ་ནེའུ་ཆུང་ནས་གཏན་ལ་ཕབ་ཅིང་འཕྲུལ་གཤེན་གཙུག་ཕུད་དག་ལ་གཉེར་དུ་གཏད་ནས་འཕྲུལ་གཤེན་བོན་གྱི་འཁོར་ལོ་བསྐོར་རོ།། དེ་ཅིའི་ཕྱིར་དུ་གསུངས་ན་«མདོ»ལས། “འཕྲུལ་ནི་སྣང་ཞིང་སྲིད་པ་འཕྲུལ་བས་འཕྲུལ། གཤེན་ནི་དེ་དག་འདུལ་བར་བྱོན་པས་གཤེན། མ་རིག་སེམས་ཅན་རྐྱེན་གྱིས་རྒོལ་བ་ལ། བར་ཆོད་བགེགས་ཀྱི་རྐྱེན་ལས་ཐར་བ་དང༌། འཇིག་རྟེན་དྲག་པ་དབང་དུ་བསྡུས་པ་དང༌། དགྲ་བགེགས་ལོག་ལྟ་ཚར་ཐག་གཅོད་པ་དང༌། བསྟན་པ་བཤིག་པ་གནས་སུ་བསྒྲལ་བའི་ཕྱིར།”ཞེས་གསུངས་པ་བཞིན་ནོ། །
འཕྲུལ་གཤེན་ཐེག་པའི་བོན་སྒོ་ལ་སྤྱི་རུ་རྣམ་པ་གསུམ་ཡིན་ཏེ། བསྙེན་དང་བསྒྲུབ་དང་ལས་སྦྱོར་གསུམ་མོ།
དང་པོ་བསྙེན་ནི་དཔོན་གསས་ལྷ་ལ་བསྙེན་ཞེས་བསྙེན་པ་ལ་ཡང་བསྟེན་ཚུལ་དང་ཞུ་ཚུལ། བསྙེན་ཚུལ། འབྱུང་ཚུལ་བཅས་བཞི་ཡོད་དེ། བསྟེན་ཚུལ་ནི་ལུས་གུས་ཕྱག་གིས་བསྟེན་པ། ངག་བསྟོད་ཚིག་གིས་བསྟེན་པ། ཡིད་དད་འདུན་གྱིས་བསྟེན་པའོ།། ཞུ་ཚུལ་ནི་ལུས་ཀྱིས་ལུས་སྲོག་རྒྱན་གསུམ་ཕུལ་ཏེ་ཞུ་བ། ངག་གིས་མཆོད་བརྗོད་གདུང་ཚིག་སྙན་པས་ཞུ་བ། ཡིད་ཀྱིས་དད་པ་ཕྱིར་མི་ལྡོག་པས་ཞུ་བའོ།། འབྱུང་ཚུལ་ནི་བདག་ལ་ཕན་པའི་ཐུགས་རྗེ་འབྱུང་བ་དང༌། གཞན་ལ་ཕན་པའི་ཐབས་མཆོག་འབྱུང་བ། ཉི་ཟླས་ཟུང་འབྲེལ་མཐར་ཕྱིན་འབྱུང་བའོ།།
གཉིས་པ་བསྒྲུབ་པའི་རིམ་པ་ནི་གནས་དང་རྫས་དང་བཅའ་གཞི་གསུམ། ཏིང་འཛིན་སྙིང་བོ་ཕྱག་རྒྱ་གསུམ། ཚིག་བཤད་འཕྲིན་ལས་རྗེས་བྱའོ།། གསུམ་པ་ལས་ལ་སྦྱོར་བ་ལ། བརྣག་པ་རྒྱུ་འཕྲུལ་དྲྭ་བ་དང༌། འགལ་དང་འབྲེལ་བ་ཟུང་འཇུག་གོ། དེ་ལས་བརྣག་པ་རྒྱུ་འཕྲུལ་དྲྭ་བ་ལ་ཡང་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ་སྟེ། ཕྱི་རྒྱུད་མཁའ་འགྱིང་དབལ་གྱི་རྒྱུད། ནང་རྒྱུད་དབལ་གསས་དྲག་པོའི་རྒྱུད། གསང་རྒྱུད་ལས་ཀྱི་ཐིག་ལེའི་རྒྱུད་སོགས་ཡོད་པ་རྣམས་རང་ལ་ཕན་པའི་དད་པ་དང་གཞན་ལ་ཕན་པའི་སེམས་བསྐྱེད་བཟང་བོ་ཞིག་གིས་ལུང་དང་ཚུལ་བཞིན་སྤྱད་པ་ན། འབྲས་བུ་ཐེག་པ་ཨ་དཀར་བསྙེག དོན་དུ་ཨ་དཀར་ས་ལ་ངེས། ཐབས་ཤེས་དབྱེར་མེད་འབྲས་བུ་འཐོབ་པའོ།།༼མུ་འགོད༽