གཉིས་པ། སྣང་གཤེན་ཐེག་པ།
ཐེག་པ་གཉིས་པ་སྣང་གཤེན་ཐེག་པ་ནི་སྟོན་པ་ཉིད་གཤེན་ལོ་གཉིས་བཞེས་པའི་དུས་སུ་གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་གཏན་ལ་ཕབ་ཅིང་སྐོས་རྗེ་དྲང་རིམ་གྱི་སྲས་པོ་སྣང་ལྡན་གཙུག་ཕུད་ལ་གཉེར་དུ་གཏད་ནས་གྲོང་ཁྱེར་ཆེན་པོ་ངོ་མཚར་ཅན་ལ་སྣང་གཤེན་བོན་གྱི་འཁོར་ལོ་བསྐོར་རོ།།
སྣང་གཤེན་བྱ་བའི་དོན་ནི་སྣང་ནི་སྣང་ཞིང་སྲིད་པ་སྣང༌། གཤེན་ནི་དེ་དག་འདུལ་བའི་གཤེན། སྣང་གཤེན་ཐེག་པའི་བོན་སྒོ་ཡིས། འགྲོ་བའི་ཁ་ལོ་སྒྱུར་བའོ།། དེ་ལ་སྤྱི་རུ་རྣམ་པ་བཞི་ཡིན་ཏེ། ཆབ་ནག་ཆུ་བོ་སེལ་གྱི་སྒོ། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་རྗེ་གླུད་ཀྱི་སྒོ། དཔོན་གསས་ཕྱ་གཉན་གཏོ་ཡི་སྒོ་བཅས་བཞི་དང༌། དེ་དག་ལ་གཅོང་བརྒྱད་སྐད་ཀྱིས་བརྡ་སྤྲད་ནས་ཚུལ་དང་ལུགས་བཞིན་སྤྱོད་པས་ན་འགྲོ་བའི་ཁ་ལོ་བསྒྱུར་བའོ། ། བྱེ་བྲག་ཏུ་སོ་སོར་དབྱེ་བ་ལ། དང་པོ་ཆབ་ནག་ཆུ་བོ་སེལ་གྱི་སྒོ་ལ་རྣམ་པ་བཞི་ཡིན་ཏེ། སྲིད་པ་སྨྲང་ཆེན་སེལ་གྱི་གཞུང༌། ཐུགས་ཁར་གཉེན་པོ་ལྷ་ཡི་གཞུང༌། སྒྲ་བླ་ཝེར་མ་ཁྲོམ་གྱི་གཞུང༌། སྲིད་པ་རྒྱུད་ཀྱི་གཞུང་དང་བཞིའོ།།
སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་ལ་ཡང་རྩ་དཀར་འཕེལ་བའི་ཡར་སེལ་བཞི་སྟེ་གཡུང་དྲུང་སྲིད་པ་འཕེལ་སེལ་དང་སྲིད་པ་བ་གར་གྱེན་སེལ། སྲུངས་རྟ་དར་བའི་གར་སེལ། རྒྱལ་གྱི་ཁྲི་འཕང་གོང་སེལ་བཞིའོ།། རྩ་ནག་འགྲིབ་པའི་མར་སེལ་བཞི་སྟེ་འདྲེ་དགུ་སྲིད་བཅུའི་ཐུར་སེལ་དང་སྲིད་པའི་ས་བདག་ཐུར་སེལ། བྱུར་དང་མི་ལའི་ཆུ་སེལ། མཐོ་རུ་མི་སྟེར་ཉེན་སེལ་བཞིའོ། མཉམ་ཉིད་བསོར་བའི་བར་སེལ་བཞི་སྟེ་ལྷ་མི་བར་གྱི་དབྱེན་སེལ་དང་བྱ་མར་མཚལ་བུའི་གག་སེལ། དམེ་མུག་ནོལ་གྱི་རྩོག་སེལ། ལྟས་ངན་ཟློག་པའི་ཐན་སེལ་བཞིའོ། དེ་ལ་གཅོང་བརྒྱད་སྐད་ཀྱིས་བརྡ་སྤྲོད་ཚུལ་ནི། «སེམས་ལུང»ལས“ཆབ་ནག་སེལ་གསས་བཞེན་འདེབས་པ། སྟག་མོ་ངར་སྐད་གཅོང་ལས་དྲངས། སེལ་སྨྲང་སེལ་བུ་བྱ་ཅི་ཏིའི་གཅོང་སྐད་ལས་དྲངས། ཆབ་དཀར་སྲི་གསས་བཞེན་འདེབས་པ། བྱ་ཁྱུང་གི་གཅོང་སྐད་ལས་དྲངས། འདྲེ་དགུ་སྲི་བཅུ་བྱུང་འདེབས་པ། ནེ་ཙོའི་གཅོང་སྐད་ལས་དྲངས། གླུད་གསས་ལྷ་ཡི་བཞེན་འདེབས་པ། སེང་གེའི་གདངས་སྐད་ཀྱི་གཅོང་ལས་དྲངས། ལྷ་སྲིན་སྐོས་ལ་འདེབས་པ། བྱ་ཅོ་གའི་འགྱུར་སྐད་ཀྱི་གཅོང་ལས་དྲངས། དཔོན་གསས་ཕྱ་གསས་བཞེན་འདེབས་པ། གཡུ་འབྲུག་སྐད་ཀྱི་གཅོང་ལས་དྲངས། ཕྱ་གཉན་གནས་སུ་བསྟིམ་པ། བྱ་ཁུ་བྱུག་གི་གཅོང་སྐད་ལས་དྲངས”ཞེས་གསུངས་སོ།། ཐུགས་ཁར་གཉེན་པོ་ལྷ་ཡི་གཞུང་ལ་ཡང་ཡེ་སྲིད་ལྷ་གཞུང་དཀར་པོ་དང་ཡེ་དབང་གཉེན་གཞུང་ཁྲ་བོ། ཡེ་འདུལ་དམག་གཞུང་ནག་པོ་དང་གསུམ་ཡོད་དོ།།
སྒྲ་བླའི་དཔའ་ཁྲོམ་ལ་ཡང་ཡེ་སྲིད་འཕྲུལ་གྱི་སྒྲ་བླ་དང་ཡེ་རྗེ་སྨོན་པའི་སྒྲ་བླ། ཡེ་དབང་མཐུ་ཡི་སྒྲ་བླ་དང་གསུམ་ཡོད།
སྲིད་པ་རྒྱུད་ཀྱི་གཞུང་ཆེན་ལ་ཡང་བསྐལ་སྲིད་ཆགས་པའི་གཞུང་ཆེན་དང་སྨོན་ལམ་མཁར་གྱི་གླིང་བཞི། སྲིད་པ་མིའུའི་རྒྱུད་འབུམ། མཚོན་མགོན་སྒྲ་བླའི་གཞུང་ཆེན་དང་བཞི་ཡོད་དོ།།
གཉིས་པ་ཆབ་དཀར་སྲིད་པའི་སྒོ་ཡིས་འདྲེ་དགུ་སྐྱས་ཀྱིས་འདེབས་པ་དང་སྲི་བཅུ་ཐུར་དུ་གནོན་པ་ཡིན། དེ་ལ་རྣམ་པ་གཉིས་ཡིན་ཏེ། ཐབས་ཀྱིས་འདུལ་བ་དང་ཐུགས་རྗེས་འདུལ་བ་གཉིས་སོ། ཐབས་ལའང་གཉིས་ཏེ་ངོས་བཟུང་དང་རྫོངས་འདེབས་གཉིས་ཡིན། ཐབས་ཀྱི་ངོ་ནས་འཛིན་པ་ནི་འདྲེ་དགུ་སྲི་བཅུའི་གནོད་པ་དང་འཚེ་བ་རྣམས་མིང་དང་མཚན་མས་ངོས་བཟུང་བའོ། ཐབས་ཀྱི་རྫོངས་འདེབས་བསྐྱལ་བ་ནི། སྣང་ཞིང་སྲིད་པའི་འཇིག་རྟེན་ན། གནས་པའི་སྐྱེ་འགྲོ་མ་ལུས་རྣམས། སྲིད་པ་གསས་ཀྱི་བཞིན་འདེབས་པ། བྱ་རྒྱལ་ཁྱུང་གི་གཅོང་ལས་དྲངས། འདྲེ་དགུ་སྲི་བཅུ་བཞེན་འདེབས་པ། སྐད་སྙན་ནེ་ཙོའི་གཅོང་ལས་དྲངས། གསལ་དག་སྨྲང་གིས་གོ་བར་བྱ། འདོད་པའི་གླུ་དང་ཡས་སྟགས་བསྔོ། སྣ་ཚོགས་རྫས་ཀྱིས་རྫོངས་ལ་འདེབས། འདོད་དགུ་རེ་བའི་སྐྱ་ཡས་རྫོངས། ཞེས་པ་ལྟར་རོ།། ཐུགས་རྗེས་འདུལ་བ་ལ་ཐུགས་རྗེའི་ལས་ཀྱི་འདུལ་བ་དང་སྔོན་སྦྱོངས་ཤུགས་ཀྱི་འདུལ་བའོ།།
གསུམ་པ་འཕན་ཡུལ་གླུད་ཀྱི་སྒོ་ལ་རྣམ་པ་གསུམ་ཡིན་ཏེ་ཕོ་གླུད་མོ་གླུད་ཆུང་གླུད་གསུམ་མོ། དེ་རེ་རེ་ལའང་རྣམ་པ་བཅུ་རེ་ཡོད། མདོར་ན་ཕོ་གླུད་ཐམས་ཅད་བརྗིད་དང་ཆས། མོ་གླུད་ཐམས་ཅད་བཀྲག་དང་ཆས། ཆུང་གླུད་ཐམས་ཅད་བལྟས་ན་སྡུག་གོ།
དཔོན་གསས་ཕྱ་བརྙན་གཏོ་ཡི་སྒོ་ལ་རྣམ་པ་བཞི་ཡིན་ཏེ། དབྱིངས་ཀྱི་ལྷ་ཚོགས་ཚོགས་ཀྱིས་མཆོད། མཁའ་ཡི་དབལ་མོ་བསྐང་གིས་བསྐངས། ཀློང་གི་དམ་ཅན་རྟེན་གྱིས་བརྟེན། ས་བདག་ཀླུ་གཉན་གཏོ་ཡིས་བཅོས་པའོ།། ༼མུ་འགོད༽