གསང་སྔགས་ཐེག་པའི་བོན་དབྱངས། །
གསང་སྔགས་རིག་པས་རང་བྱུང་འཚོལ་ཤེས་ན། །
རྩལ་ཤར་སྣང་བ་འགག་མེད་ལམ་ནས་འཆར། །
ཐམས་ཅད་ཐབས་སུ་བྱེད་པའི་རྩི་ཆེན་པོ། །
བཟུང་བ་འདི་ནི་བསྒྱུར་ལམ་པ་ཡི་གཤིས། །
མཐོང་ལམ་རིག་པའི་གླིང་ཁར་བགྲོད་འདོད་ན། །
སྲིད་ཞིའི་ལ་མོ་རྒལ་བའི་མགྱོགས་ལྡན་མ། །
ཐོས་བསམ་བསྒོམ་པའི་ལྕག་གིས་མ་བསྐུལ་ན། །
དད་པའི་གཟན་གསོས་ཙམ་གྱིས་སླེབ་མི་ནུས། །
སྤངས་རྟོགས་གཉིས་ལྡན་ལྷ་ཡི་གསས་མཁར་དེ། །
ཚོགས་གཉིས་རི་བོའི་དབུ་རྩེར་བཞེང་འདོད་ན། །
གཞི་དྲུག་ལྟ་བའི་རྨིང་གཞི་བརྟན་པ་དང་། །
ལམ་དྲུག་ཐབས་ཀྱིས་འབད་རྩོལ་དམ་པོ་དགོས། །
ཐབས་མང་དཀའ་མེད་རིག་པའི་གསང་ལམ་ནས། །
རང་སེམས་རང་གིས་མཇལ་བའི་ཨ་མཚར་ཅན། །
དག་གསུམ་ལྷ་ཡི་དཀྱིལ་འཁོར་མངོན་མཐོང་བའི།
གཙང་སྤྱོད་ཐེག་པའི་ལྟ་སྤྱོད་གདེང་དང་ལྡན། །
རིག་པ་སེམས་ཀྱི་ཨ་ལས་མ་གཡོས་ངང་། །
ཀུན་རྫོབ་ཐབས་ཀྱིས་ཕྱག་རྒྱ་བཞི་ལྡན་བསྒོམ། །
ལས་བཞིས་རང་གཞན་དོན་ལ་ངལ་མེད་སྤྱོད། །
རྫས་སྔགས་ཏིང་འཛིན་གཉིས་སྒྲུབ་སྤྱོད་པའི་རྒྱུད། །
ཡེ་ཉིད་བསམ་ལྷུན་ལྟ་བའི་མཁའ་དབྱིངས་ལས། །
མཆོག་ལྔའི་ལྷ་ཡི་མཚན་དཔེ་རྣམ་པར་མཛེས། །
རྩ་བའི་དམ་ཚིག་མཉམ་པ་ཉིད་ལ་གནས། །
ཨ་དཀར་ཐེག་པའི་བསྒོམ་པ་དོན་དུ་གསལ། །
ཡབ་ཡུམ་སྲས་གསུམ་དག་པའི་དབྱིངས་ལ་རྫོགས། །
ལྷ་སྐུ་དཀྱིལ་འཁོར་གཞི་ལ་རང་ཆས་གནས། །
རྩ་རླུང་ཐིག་ལེའི་སྦྱོང་པ་གནད་བསྣུན་ནས། །
རྫོགས་རིམ་གཙོ་སྒྲུབ་སྔགས་པའི་ལྟ་བ་གླེང་། །
མ་དག་བྲག་རོང་གཡང་སར་ལྷུང་ཡང་རུང་། །
དག་པའི་སངས་རྒྱས་ཞིང་སར་བགྲོད་ཀྱང་ཆོག །
ཡེང་མེད་བསྒོམ་མེད་གནས་ལུགས་རྐྱང་འདེད་ཀྱི། །
རྫོགས་ཆེན་དཔའ་བོ་ཐེག་པའི་ཡང་རྩེར་སོན། །
དམ་ཚིག་གསང་བ་གཉེར་གཏད་གཞི་བཟུང་ནས། །
གསང་སྔགས་ཐེག་པའི་ལྟ་བསྒོམ་སྤྱོད་འབྲས་ཀྱི། །
གནས་ཚུལ་མདོར་བསྡུས་ཧི་ཟིན་གྲོང་ན་བསྒྲགས། །
རྩ་ལག་ཉམས་འགལ་ཡི་དམ་ལྷ་ལ་བཤགས། །
- ཟིན་ཐོ་གོང་མ།སྐྱིད་སྡུག་གི་ཚོར་སྣང་།
- ཟིན་ཐོ་འོག་མ།རྒོལ་བའི་གཟི་བརྗིད་གླེང་བ་དང་སྐྱོན་བརྗོད་པ།
ལྟ་སྒོམ། ལྟ་བསྒོམ། པར་སྐྲུན་ཁང་། པར་བསྐྲུན་ཁང་སོགས་མང་།