སྐྱིད་སྡུག་ཐམས་ཅད་བློས་བྱས་བོན་རེད།།
བོན་རྣམས་ཐམས་ཅད་སྒྱུ་མ་དངོས་རེད།།
སྒྱུ་མ་དེ་ལ་ཞེན་ཆགས་ཆེ་བས།།
མི་རིགས་ཁད་ཅིག་སྡུག་གི་གྲོགས་པོ།།
སེམས་ཀྱི་རྨ་ཁ་རུམ་ལ་ཉར་བའི། །
ཆོལ་གསུམ་སྤུན་ཟླའི་སྐྱིད་སྡུག་ཧྲིལ་པོ། །
ངག་རིགས་དབྱངས་ཀྱི་རྟ་ལ་ཞོན་ནས། །
ས་ཐག་རིང་པོའི་རོགས་མཇལ་ཕེབས་སོང་། །
གཞན་ཡུལ་འགྲིམ་པའི་བྱིའི་ཆུང་འཇོལ་མོ། །
ལས་དབང་ཞིག་གིས་མཇལ་ཁ་མ་རགས། །
སྐུ་ཁམས་བདེ་མིན་ཆ་འཕྲིན་མེད་པས། །
ཡ་ཆུང་མི་ཚེ་སྒུག་ནས་ཟད་སོང་།།
ཁྲི་གདུག་ཉི་མའི་ཚ་ཟེར་འོག་ཏུ། །
རླན་སྐྱེས་ཆུ་འབུའི་སྡུག་གི་ཨ་ཐང་། །
ཆད་ལ་ཁ་ལ་སྤྲིན་གྲིབ་འོག་ཏུ། །
མ་ཆད་བ་ཞིག་འདི་གར་ལུས་ཡོད། །
མི་རིགས་འདི་ལ་ཤ་ཞེན་ཆེ་ཞིང་། །
སྐད་རིགས་འདི་ལ་དུང་བ་ཟབ་པའི། །
མི་རྟ་ཆོས་ཀྱི་སྐྱེ་འགྲོ་ཡོངས་ཀྱིས། །
མཐུན་སྒྲིལ་དཔུང་པ་མཉམ་དུ་གཤིབ་དགོས། །
ང་བན་ཁྱོད་བོན་ཟེར་བའི་ང་རྒྱལ། །
ཁྱོད་བན་ང་བོན་བརྗོད་པའི་ཕྲག་དོག །
སོ་སོའི་གཞུང་ལ་རྨོངས་པའི་གཏི་མུག །
དེ་གསུམ་སྤང་བའི་ཐབས་ལ་འབད་དགོས། །
གོ་ལའི་ཡངས་རྩེའི་གཅེས་འོས་ནོར་བུ། །
ཀ་ཁ་ག་ངའི་དབྱངས་གསལ་སོ་བཞི ། །
འཛམ་གླིང་སྐད་རིགས་འགྲན་རར་ཕེབས་དུས། །
བཟང་པོའི་བྱ་དགའ་གཉིས་པ་ཐོབ་སོང་། །
- ཟིན་ཐོ་གོང་མ།དྲི་བའི་གླིང་ཁ།།
- ཟིན་ཐོ་འོག་མ།གསང་སྔགས་ཐེག་པའི་བོན་དབྱངས། །
རེ་ཞིག་མི་ཡུལ་འགྲིམ་དགོས་བྱུང་ཀྱང། །
མ་འོངས་སྐྱིད་པའི་ཉིན་མོ་ཞིག་ལ། །
ཞས་རས་འཛུམ་གྱིས་ཁེངས་ནས་ཕེབ་ཡོང་།།
ང་ཡང་ཁྱེད་ཀྱི་རྗེས་སུ་འབྲེང་ངེས་ཡིན། །