༄༅།། ངས་ཀྱང་ན་རོ་བོན་ཆུང་སྐོར་ཞིག་གླེང་།།
བསྟན་རྣམ།
༡༽སྤྱིར་ན་ཕྱིས་བྱུང་《མི་ལའི་རྣམ་མགུར་》སོགས་ནས་བཤད་པའི་ན་རོ་བོན་ཆུང་སྐོར་དེ་བན་བོན་གཉིས་ཀའི་ཁྲོད་དུ་རྩོད་གླེང་ཅན་ཞིག་ཏུ་གྱུར་ཡོད་ཀྱང་དེའི་སྐོར་ངོས་འཛིན་གཅིག་གྱུར་ནི་ད་སྔོན་བྱུང་མེད་ལ་ད་དུང་ཡང་འབྱུང་བར་ཅུང་ཁག་པོ་ཡིན་རྒྱུ་རེད། དེའི་རྒྱུ་མཚན་ནི་སྔོན་ནས་ད་བར་གྱི་རྩོམ་འབྲི་བ་ཕལ་རྣམས་རང་རང་གི་འདོད་པ་ཐ་དད་པ་རེ་བཟུང་ནས་དེ་རང་ཨུ་ཚུགས་ཀྱིས་བསྒྲུབ་པ་མ་གཏོགས་ཡོངས་ཁྱབ་རང་བཞིན་ལྡན་པའི་དཔྱད་འདོད་མེད་ལ་དེ་ལྟར་དཔྱད་པའི་དགོས་པ་ཡོད་མེད་ཀྱང་རྟོགས་འདོད་ཅིས་ཀྱང་ཉུང་། དེ་ཡང་རྣམ་མགུར་དུ་གསལ་བ་ལྟར་ན་ན་རོ་བོན་ཆུང་ནི་བོན་པོ་ཞིག་ཡིན་པའི་ཁར་བོན་བསྟན་ལ་ཅིས་ཀྱང་ཤ་ཞེན་ཆེ་ཞིང་དེའི་ཆེད་དུ་གང་ཡང་བཟོད་པའི་སྙིང་རུས་ཅན་ཞིག་ཡིན་ཀྱང་ཁོང་ལ་ཡོན་ཏན་ནམ་དགེ་མཚན་ཇི་ཞིག་ངོམ་རྒྱུ་ཡོད་པ་ནི། རྡོ་ལ་རྐང་རྗེས་འཇོག་པ་སོགས་ཐུན་མོང་གི་གྲུབ་རྟགས་སྣ་འགའ་ཙམ་མི་ལ་དང་འདྲ་མཚུངས་སུ་སྟོན་རྒྱུ་ཡོད་པ་དེ་ཡང་ཐོགས་རྡུག་ཅན་དུ་ཟད་ལ། ཁྱད་པར་མཆོག་གི་དངོས་གྲུབ་ཐོབ་པ་ལྟ་ཅི་དེ་ལྟར་འཐོབ་བྱེད་ཀྱི་རྒྱུ་ཡང་དག་པའི་ལྟ་སྒོམ་སོགས་ནི་དེ་བས་ཀྱང་མེད་པའི་གང་ཟག་ཞིག་ཏུ་ངོས་འཛིན་དང་འབྲེལ་མཐའ་དོན་གནས་མཐོ་དམན་གང་དུ་འཇོག་པ་སོགས་བོན་ཆུང་གི་དབང་ཆ་ཚང་མ་མི་ལ་རྣམ་ཚང་ནས་བདག་གིས་མཛད་དེ་ཁོ་རང་ཚེ་སྨད་གངས་ཏི་སེ་མིག་གིས་མཐོང་ཙམ་དུ་ཉམ་ཐག་སྙིང་རྗེའི་ཡུལ་ཞིག་ཏུ་གནས་དགོས་བྱུང་བར་བཤད་པ་སོགས་ནི་རྒྱུན་ལྡན་བན་ཕྱོགས་ཀྱི་མཁས་པ་ཕལ་ཆེར་གྱི་བོན་ལ་ལྟ་ཚུལ་དང་ཁྱད་པར་འགའ་ཡང་མེད་པ་ནི་ལོ་རྒྱུས་ཀྱི་ལེའུ་དེ་གཅིག་པུར་བལྟས་པ་ཙམ་གྱིས་ངེས་ཤེས་ཐུབ་པ་འདུག ཡང་གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་མཛད་པའི་《གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་》དང་། མཁས་དབང་དཔལ་ཚུལ་གྱིས་མཛད་པའི་《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》གཉིས་སུ་སྤྱིར་ན་ལོ་རྒྱུས་ཐོག་ཏུ་ན་རོ་བོན་ཆུང་ཞེས་པའི་བོན་གྱི་བསྟན་འཛིན་ཞིག་བྱུང་མེད་ལ་མི་ལའི་རྣམ་མགུར་དུ་དེའི་སྐོར་བཤད་པ་དེ་ནི་རྒྱུ་མཚན་གཞན་ཞིག་ཡིན་པར་གསལ་བཤད་བྱས་ཡོད། དེ་ལྟར་འདོད་ཚུལ་གཉིས་པོ་ནི་བན་བོན་གཉིས་ཆར་ཡོངས་སུ་གྲགས་པ་ཞིག་ཡིན་པས་རྩ་བའི་གླེང་གཞི་དེ་ཙམ་ལ་འདུས་པ་ནི་ཡོངས་གྲགས་ཀྱི་ལྟ་ཚུལ་ཞིག་ཡིན།
༢༽ཡང་ལྟ་བ་དེ་གཉིས་དང་ཅུང་མི་འདྲ་བའི་བཤད་ཚུལ་གཞན་ཞིག་སྣང་བ་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཉིད་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དུ་ཕེབས་པའི་མཇལ་སྣང་གི་དཔེ་ཆ་དུ་མ་ཞིག་ཡོད་པ་ལས་《ཨོ་རྒྱན་མཇལ་སྣང་》ཞེས་པའི་དཔེ་ཆའི་ཤོག་ངོས་༼༩༧༢༽ལས། “སུམ་པ་དབུ་དཀར་དང་། ལི་བོན་མུ་རྒྱུང་དང་། ན༵་རོ༵་བོན༵་ཆུང༵་དང་། དེ་ལ་སོགས་པའི་གྲུབ་ཐོབ་མང་དུ་སྣང་། ” ཞེས་དང་། ཡང་ཤོག་ངོས་༼༩༨༥༽ལས། “ན་རོ་བོན་ཆུང་གིས་ཞལ་ནས་གསུངས་པ། འཁྲུལ་གཞིའི་སྣང་བ་མཐའ་ནས་དག །དཀའ་༼ཀ་༽དག་སེམས་ངོ་ལྷགས་ཀྱིས་༼ལྷག་གིས་༽མཐོང་། །རྣམ་རྟོག་འགྱུ་བ་རྩད་ནས་ཆོད། །རང་སེམས་བོན་ཉིད་དོན་དང་ལྡན། །ལྷན་སྐྱེས་ཡེ་ཤེས་ངང་ལ་གནས། །སྐྱེ་འགག་མེད་པའི་དོན་༡༼གཅིག་༽རྟོགས། །འཁོར་བ་བྱ་བ་གདོད་མ་གྲུབ། །ཕྱི་རབ་༼རབས་༽རྣམས་ཀྱིས་གསལ་འདེབ་༼འདེབས་༽མཛོད། །ཞེས་༼ཅེས་༽གསུངསྷཱོ། ༼གསུངས་སོ་༽” ཞེས་གསལ་བ་ལྟར་ན་ན་རོ་བོན་ཆུང་མཚན་ཅན་གྱི་རིག་འཛིན་ཞིག་ཡོད་པ་ཙམ་དུ་མ་ཟད་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དུ་འཁོད་ཅིང་ཐེག་ཆེན་ཉམས་ཀྱི་མགུར་མ་ཡང་གསང་མཐོར་གྱེར་བའི་གྲུབ་ཐོབ་ཁྱད་པར་བ་ཞིག་ཀྱང་ཡིན་པར་བསྟན། ཡིན་ནའང་གྲུབ་ཆེན་དེ་ཉིད་མུ་ལ་རས་པ་དང་རྩལ་འགྲན་མྱོང་མིན་སྐོར་གྱི་གསལ་ཁ་གང་ཡང་མི་འདུག
༣༽འོ་ན་གོང་གསལ་དེ་དག་ལས་མདོ་དོན་ཅི་ཞིག་གི་ཐོག་ཏུ་བསྡུ་དགོས་སམ་ཞེ་ན། འདི་ལ་སྤྱི་ལྡོག་ནས་འདི་ཡིན་དང་དེ་མིན་གྱི་ཁ་ཚོན་ཆོད་པའི་དན་རྟགས་གསལ་པོ་ཞིག་ཁོ་བོས་སྨྲ་དཀའ་ཡང་རང་གི་བསམ་ཚུལ་ཅུང་ཟད་ཅིག་བརྗོད་ན། དང་པོ་རྣམ་མགུར་ལས་བཤད་པ་དེ་ནི་རྩ་བའི་འཕྲོས་གཞི་ཇི་ཞིག་ཡིན་མིན་གང་ལྟར་ཡང་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་དང་། ཆོས་ལུགས་ཀྱི་འཐེན་ཁྱེར་སོགས་ཀྱི་བསླད་སྐྱོན་ཇི་སྙེད་ཅིག་ཞུགས་ཡོད་པ་ནི། 《མི་ལ་རས་པའི་རྣམ་མགུར་གྱི་དཔྱད་གཏམ།》ཞེས་པའི་ཤོག་ངོས་༼༡༽་ལས། “ལོ་རྒྱུས་འབྲི་བ་ཆེད་ལས་སུ་གྱུར་པའི་དཔོན་རིགས་རྣམས་ཀྱིས་རྩོམ་འབྲིའི་ལས་འགན་དེ་དང་དུ་བླངས་ནས་ལོ་རྒྱུས་དང་རྣམ་ཐར་སྐོར་གྱི་རྩོམ་མང་པོ་བྲིས། དཔེ་ཆ་དེ་དག་ནི་དབང་སྒྱུར་གྲལ་རིམ་གྱི་ཕན་ཁེ་ལ་ཞབས་འདེགས་ཞུ་བ་དང་གནམ་སྐོས་དྲིལ་བསྒྲགས་བྱེད་པ། མི་རླབས་ཆེན་ལ་བསྟོད་བསྔགས་བྱས་ཏེ་དབང་སྒྱུར་མཁན་གྱི་སྙན་གྲགས་མི་ཉམས་པའི་རྡོ་རིང་འཛུགས་རྒྱུ་བཅས་ཀྱི་ཆེད་དུ་བརྩམས་པ་ཡིན་པ་སྨོས་ཅི་དགོས།”ཞེས་པའི་ཚིག་གྲུབ་དེས་གསལ་བཤད་གནད་ལ་ཁེལ་བ་ཞིག་བྱས་པ་མིན་ནམ་སྙམ། འོ་ན་སྤྲུལ་སྐུ་བློ་ལྡན་གྱི་མཇལ་སྣང་དེ་ལ་ངོས་འཛིན་ཅི་འདྲ་ཞིག་ཞུ་རྒྱུ་ཡིན་ཞེ་ན། དེ་ནི་གཅིག་བྱས་ན་མཁས་མཆོག་སྒ་སྟོན་གྱི་དགོངས་བཞེད་ལྟར་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ལུང་བསྟན་དང་མཇལ་སྣང་ཕལ་ཆེ་བ་ནི་སྐབས་དེའི་ཉེ་འཁོར་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་འབྱུང་སྲིད་པ་ཤས་ཆེ་བའི་གནས་ལུགས་ལྟར། སྐབས་དེ་དུས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ན་རོ་བོན་ཆུང་ཞེས་པའི་ཐ་སྙད་དེ་སྤྲུལ་སྐུ་ཁོང་གི་མཇལ་སྣང་ལ་ཕར་ཤན་ཞུགས་པའམ། དེ་ལས་ལྡོག་སྟེ་མཇལ་སྣང་ངམ་དེ་དང་མཚུངས་པའི་མིང་དེ་འདྲས་རྣམ་མགུར་ལ་ཤན་ཚུར་ཞུགས་ཀྱང་སྲིད་ལ། དེ་ལྟར་མིན་ཀྱང་མུ་ལའི་འགྲན་ཟླར་གྱུར་པའི་ན་རོ་བོན་ཆུང་ལས་གཞན་པའི་རིག་འཛིན་ཚོགས་གྲལ་དུ་བཞུགས་པའི་ན་རོ་བོན་ཆུང་ཞིག་ཀྱང་ཡོད་དགོས་ཏེ། དེ་ལྟར་མ་ཡིན་པར་དེ་གཉིས་གཅིག་ཏུ་ངོས་འཛིན་བྱས་ན་མི་འགྲིགས་པ་ནི་གཞི་རྩའི་《རྣམ་མགུར་འབུམ་》དང་《མཇལ་སྣང་》གཉིས་པོའི་བཤད་ཚུལ་ཐོག་ནས་གསལ་ཤེས་ཐུབ་པ་ནི་གོང་དུ་བཤད་པ་དེ་ག་ལགས།
༤༽ཁོ་བོས་འདིར་ཇི་སྐད་བཤད་པ་རྣམས་ཀྱི་དོན་པོ་ན་རོ་བོན་ཆུང་གཏན་མེད་དུ་བསྒྲུབ་འདོད་ནས་གླེང་བ་ཡང་མ་ཡིན་ལ། ཁོང་ཉིད་མུ་ལ་རས་པ་ལས་མཐུ་དང་རྫུ་འཕྲུལ་ཁྱད་པར་འཕགས་པའི་སྐྱེས་བུ་ཞིག་ཀྱང་དེ་བས་བསྒྲུབ་འདོད་པས་མ་ཡིན་མོད། འོན་ཏེ་དེ་སྔོན་མཇལ་མྱོང་བའི་ན་རོ་བོན་ཆུང་སྐོར་གྱི་ཡིག་ཆ་ཁག་ལ་རང་གི་ལྟ་ཚུལ་འགའ་ཞིག་འདིར་གླེང་འདོད་བྱུང་བ་བཞིན་ལ་བྲིས་པ་ལ་དཔྱད་འདོད་དང་གསུང་འདོད་འབྲི་འདོད་གསུམ་ཀ་ཡོད་པའི་གྲོགས་མཆེད་རྒྱ་ཆེའི་གཟིགས་ཀློག་པ་རྣམས་ནས་དགོངས་ཚུལ་ཅི་ཡོད་ཐོགས་མེད་ལྷུག་པོར་འཇོ་བའི་རེ་བ་ཡང་དེ་བཞིན་ཆེའོ།།
༢༠༡༢་༡་༢༡ཉིན།