༄༅།། ཉིན་གཅིག་གི་འགྲུལ་བཞུད།།
ཁྱུང་གསེར་ཞུན།
༧ འགའ་ཞིག་དཔལ་འབྱོར་འཕེལ་རྒྱས་དང་།།
ལ་ལས་རིག་གནས་སློབ་གསོ་སྟེ།།
ཟླུམ་གཟུགས་གོ་ལ་གཅིག་གི་སྟེང་།།
མི་བུའི་ཕུགས་འདུན་ཤར་ནུབ་བཞིན།།
དེ་ལྟར་ཡང་བོད་རབ་མཛོད་ལྕགས་ཡོས་ལོའི་བོད་རྩིས་ཟླ་བ་༧པའི་ཚེས་༡༥ཉིན་ཁོ་བོ་མདོ་ཁམས་ཆུ་བཞིའི་ཡ་གྱལ་ཆུ་ཆེན་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་འབྱུང་བའི་ཐ་གྲུ། མཐོ་སྒང་བོད་པའི་བྱང་ཐང་གི་གྲོང་ཁྱེར་དང་པོ་སྟེ། ཡོངས་གྲགས་སུ་ནག་ཆུ་ཁ་ཞེས་པའི་བསྟི་གནས་ག་ལ་བ་ནས་རང་དང་སྐྱེས་ཡུལ་གཅིག་པའི་ཕོ་གཞོན་སྒེར་གཉེར་འཁོར་ཆུང་ཅན་ཞིག་དང་བྱ་རྡོ་ལམ་འཕྲད་བྱུང་བ་དེ་ཉིད་དང་བསྡེབས་ཏེ། ནམ་སྨད་འཁོར་དུས་༼ ༣ ༽དང་སྐར་མ་༼༣༠༽ཐོག་རྒྱལ་ཁབ་རིམ་པའི་གཞུང་ལམ་ཨང་༼༣༡༧ ༽བརྒྱུད་དེ་སྐྱེ་བ་འདིའི་དང་པོའི་ལྟེ་མཚལ་འཕོ་གནས་ཁྱུང་ཡུལ་རིག་པ་འབྱུང་བའི་ཕ་སའི་ཕྱོགས་སུ་གོམ་ཁ་བསྒྱུར་འགོ་ཚུགས། དེ་ཡང་སྤྱིར་བཏང་གི་ལམ་འགྲུལ་ཞིག་ཕྱོགས་སུ་བཏེགས་པ་ལ་སྟེས་དབང་གིས་དུས་ཚེས་ཁྱད་པར་བ་གཞན་ཞིག་དང་འདོམས་པ་ནི། ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་ཁོངས་སུ་དུས་གཅིག་ཁོ་ན་ལས་མི་འབྱུང་བ་སྟེ། དྲང་སྲོང་སྨེ་བདུན་ནམ་སྐར་མ་རྀ་ཥི་ཤར་བའི་དུས་དཀྱིལ་དང་། བདག་ཅག་གི་འདྲེན་པ་ཆེན་པོ་དཔལ་རྒྱལ་བ་གཤེན་རབ་མི་བོ་མཆོག་ཉིད་འཁྲུངས་པའི་ཉ་ཆེན་གཉིས་ཕན་ཚུན་བགྲོས་པ་ཇི་བཞིན་དུས་འདིར་འཕྲད། གང་ལྟར་ཡང་ཉིན་མོ་འདིའི་གནམ་གཤིས་ནི་སྤྱིར་བཏང་དུ་འབྱུང་དཀོན་པའི་ཚུལ་ཞིག་སྣང་བ་ནི།དེང་དུས་རྩོད་གླེང་ཅན་གྱི་ཧ་ཅང་གི་དྲོ་གྲང་གཉིས་སུ་ཐལ་མ་ཆེ་ལ། མཁའ་ནས་དབྱར་སྟོན་ཟུང་འབྲེལ་གྱི་སྒེག་ཉམས་སྟོན་ཕྱིར་གངས་མ་ཆར་གྱི་རྒྱུན་བཟང་ཟིམ་བུ་ཟིམ་བུ་ལ་ཀླུང་ཀུན་ཏུ་འཐོར་བའི་ཁར། རེས་འགའ་དཀར་གཙང་ཆུ་འཛིན་དུམ་བུའི་བར་གསེང་ནས་ཁྲི་གདུགས་གཞོན་ནུའི་ལང་ཚོའི་བདེ་སྐྱིད་དེ་ཉིད་རིས་སུ་མ་ཆད་པར་དོག་ལ་གནས་པའི་སྐྱེ་འགྲོ་ཡོངས་ལ་སྦྱིན་ཙམ་སྦྱིན་ཙམ་བྱས་རྟིང་སླར་སྤྲིན་རུམ་དུ་འཇུག་ལྡོག་ཡང་ནས་ཡང་དུ་བརྩམས། ཕྱོགས་མཚམས་ཀྱི་མཐོ་ཞིང་རྔམ་པའི་ས་འཛིན་དག་གི་རྩེ་མོ་རེ་ན་སྐྱེ་བ་ལྔ་པའི་མདངས་ལ་འགྲན་བཟོད་པའི་ཁ་བ་གསར་པའི་དབུ་ཞྭ་རེ་རེ་གསོལ་ཞིང་། སྐད་པར་བདུད་རྩིའི་ན་བུན་སིབ་སིབ་འཐུལ་བའི་སྨུག་སྤྲིན་ལང་ལོང་གཡོ་བས་དམ་པོར་འཁྱུད། རྩ་བར་དྲང་སྲོང་རྀ་ཥིའི་བྱིན་རླབས་མངལ་དུ་སྦྲུམ་པའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་། ལུ་མ། ལྟེང་ཀ་རྣམས་ནི་དྭངས་ཤིང་གཙང་བའི་བཞུར་སྒྲ་དང་བཅས་ཏེ་རྒྱུ་བ་ནི་ཕྱོགས་ཀྱི་སྐུ་མགྲོན་ཕར་གཤེགས་རྣམས་ལ་སྐྱེལ་མ་དང་། ཚུར་འབྱོན་རྣམས་ལ་ཆེད་དུ་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས། རི་དང་ཀླུང་ལ་འཁྲས་པའི་རྩི་ཤིང་གི་ལོ་འདབ་རྣམས་ཀྱང་རང་རང་གི་རྒྱུ་རྐྱེན་འཕེན་ཤུགས་ལས་རེ་འགའ་སེར་པོ་གསེར་འོད་འཚེར་ཞིང་། འགའ་ཞིག་དམར་གསལ་བྱི་རུའི་དཔལ་དང་བསྡེབས་པ། ཕལ་ཆེར་སྔོ་ལྗང་གི་ལང་ཚོའི་རང་མདངས་མ་ཡལ་བ་བཅས་ལྷན་དུ་འཚོགས་པ་ནི་གཡུ་ཡི་མཎྜལ་ཞིག་ལ་གསེར་དང་བྱུ་རུའི་ཕྲ་རྒྱན་བཏགས་པའི་ཟོལ་དུ་ལྷགས། དེ་བཞིན་མདུན་གྱི་སྣུམ་ནག་ལམ་ཆེན་ནི་གསར་དུ་གྲུབ་མ་ཐག་པ་ཡིན་གཤིས་དཀྱིལ་དུ་བུག་རལ་ཛ་ཛོར་དང་ངོས་སུ་ནག་ནོག་གི་དྲི་མ་ཙམ་ཡང་མེད་པ་དེས་ཀྱང་ལམ་འདིར་ཞུགས་སོ་ཅོག་གི་ཕུགས་འདུན་ནི་འོད་ཟེར་སྟོང་ལྡན་ཡིན་པར་མཚོན། ལམ་གྱི་འགྲམ་ངོགས་གཡས་གཡོན་དུ་འདྲེན་བྱེད་བསྒྱུར་ཚེ་སྐབས་འགར་མུ་མཐའ་ཡས་པའི་ནེའུ་གསིང་གི་ཐོག་ཏུ་ལྷད་མེད་རང་བྱུང་གི་རྩྭ་ཆུར་རོལ་བའི་རི་གཡུང་གི་ཁྱུ་དང་ཁྱུ་ཚོགས་འདྲེས་པ་ནི་བགྲང་ཡས་གནམ་གྱི་སྐར་ཚོམ་ས་ལ་བདལ་བའི་ངང་ཚུལ་འགོག་ཅིང་། སྐབས་འགར་གསེར་སྦྱངས་བཙོ་མའི་པ་ཏྲ་རིས་སུ་འཁྲུལ་བའི་ཞིང་ཁ་རྣམས་སུ་ལོ་ཡག་གང་བུ་གཡུར་དུ་དུད་པའི་སྙེ་མའི་མགོ་ལྕོག་ཡང་སྟོན་རླུང་བསིལ་བུས་ཉལ་ཉིལ་དུ་ལྡེམ་ལ་རེ་འགའ་བརྔ་བསྡུའི་ལས་ཀ་གྲུབ་ཅིང་བམ་བརྩེགས་རི་བོའི་གཏོས་ལ་འགྲན། དེ་ལས་སོགས་པའི་ངོ་མཚར་གྱི་ལྟད་མོར་གཡེངས་ནས་གཡེང་བཞིན་པར་ཉིན་གུང་འཁོར་དུས་དང་པོ་ཙམ་ལ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ། གྲགས་ཅན་གྱི་རི་བོ་སོག་གི་གཡག་ལ་སེ་བོའི་འདབས་རོལ། གནས་མཆོག་ཙན་དན་དགོན་གྱི་བྱང་ངོས། སོག་ལྕགས་ཟམ་གཡུང་དྲུང་གླིང་གི་ལྷོ་ཕྱོགས། ས་སྐྱིད་པོ་སོག་ཤོད་ལུང་པའི་ལྟེ་བ། གནའ་སྔ་མོ་ཚོ་བ་སོ་དགུའི་ཡུལ་གྲུ། དེང་ལྟར་ན་ནག་ཆུའི་སོག་རྫོང་དུ་གྲགས་པ་དེ་རུ་བདེ་བར་འབྱོར། དེ་རུ་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་བཟོ་བཀོད་མི་དམན་པའི་ཟས་ཁང་ཞིག་ཏུ་སྟབས་བདེའི་གུང་ཟས་ལ་རོལ་ཞོར་ཕ་ཡུལ་རེ་ཤོད་ནས་ཡིན་པའི་ཆུང་དུས་ངོ་ཤེས་ལ་བར་དུ་རྒྱུས་མངའ་ཟབ་པའི་ཡུལ་མི་འགའ་དང་ཐུག་འཕྲད་བྱུང་བ་ལས་སྔར་འདས་ཀྱི་ལོ་རྒྱུས་དང་། ད་སྐབས་ཀྱི་གནས་སྟངས། མ་འོངས་ཀྱི་འདུན་མ་སོགས་དང་འབྲེལ་བའི་གཏམ་གླེང་འགའ་ཡང་མོལ། དུས་མཚུངས་སུ་རང་གྲོགས་དེ་ལ་གློ་བུར་ཁ་པར་ཞིག་འབྱོར་བས་དེའི་སྐོར་ཁོས་ཟེར་དོན་ལ། ཡིན་རྒྱུ་བྱས་ན་དེང་སྐབས་ཁྱུང་ཡུལ་ཤར་གྲོལ་སྨིན་གླིང་དུ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་པའི་སྒང་ཡིན་ཅིང་སོང་ཉིན་མཇུག་གི་སྤྱི་དབང་ཆེན་མོ་ཡིན་པས་དེར་ནང་མི་ཀུན་ཀ་ཁྲིད་དེ་འགྲོ་འཆར་སྔོན་ནས་ཡོད་མོད་ཀྱང་། འོན་ཏེ་འགྲུལ་རོགས་དོས་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་རྗེས་ནས་ཡོང་བ་དེ་རྫ་དཀར་འགག་སྨད་དུ་སྟབས་ཉེས་ཀྱིས་གཡང་ལ་ལྷུང་གྲབས་བྱུང་སོང་ཟེར་གྱི་འདུག ད་ནི་ཅིས་ཀྱང་ཕྱིར་ལོག་མ་བྱས་ཐུ་མེད་ལགས་ཕྱིར་ཁྱེད་ནས་དེ་བར་འདི་རུ་སྒུག་པ་ལས་འོས་མི་འདུག་ཟེར་བས་ངོས་ནས་ཀྱང་དེ་བཞིན་དང་དུ་མི་ལེན་ཀ་མེད་གྱུར། འོན་ཏེ་དུས་ལ་ཕྱིར་འགྱང་མེད་ཅིང་མི་ཚེ་ནི་ཉི་ཟླའི་འགྲོས་ལས་ཀྱང་མགྱོགས་སྟབས་འདིར་དོན་མེད་སྙོམས་ལས་སུ་སྡོད་ཕོད་མེད་པར་བརྟེན། ནང་དུ་གནའ་བོའི་ཡེ་སྲིད་བོན་གྱི་རྟེན་གསུམ་རྩ་ཆེན་བཞུགས་ཤིང་སྨད་ཀྱི་དགའ་ལྡན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་སོག་ཙན་དན་དགོན་པར་ཉ་སྐོར་དུ་ཕྱིན། དགོན་འདི་ནི་སོག་རྫོང་དང་གཡག་ལ་གྲོང་རྡལ་གཉིས་ཀྱི་དབུས་ན་འགྱིང་ངེར་གནས་པའི་རི་བོ་ཞིག་གི་སྟེང་དུ་ཆགས་ཤིང་། ཕྱི་ནང་གི་བཟོ་བཀོད་ཐ་དག་བོད་མི་རིགས་ཀྱི་ཆོས་དང་རིག་གནས་དུ་མས་ཕྱུག་ལ་དེང་སྐབས་གྲགས་པ་ཆེ་བའི་འཁོར་ཡུག་གི་གཙང་སྦྲ་སོགས་ཕྱོགས་གང་ཐད་ནས་མཇལ་བ་ཙམ་གྱིས་ཡིད་སེམས་ལ་དད་སྤྲོའི་སྣང་བ་དབང་མེད་དུ་སྟེར་བའི་དག་ཞིང་མི་ཡུལ་དུ་འཕོས་པ་དང་གཉིས་སུ་མ་དམིགས། འོན་ཏེ་ཟེར་སྒྲོས་སུ་དགོན་བཞུགས་ཀྱི་བླ་གྲྭ་ཕལ་ཆེར་རྒྱུན་ལྡན་དགོན་པའི་འཚོགས་དུས་མཆོད་དང་། གྲོང་གསེབ་ཁག་ཏུ་གསོན་གཤིན་གྱི་གཏོ་བཅོས་རིམ་གྲོའི་མཛད་པ་ཙམ་ལས་སྔར་གྱི་བོད་དགོན་བྱིངས་དང་འདྲ་བར་བཤད་སྒྲུབ་སློབ་གཉེར་ལ་དང་དོད་དེ་ཙམ་མེད་པར་ཡུལ་མི་ན་ལོན་ཞིག་གི་ངག་ལས་ཐོས་པས་སེམས་ལ་ཡ་མཚན་པའི་ཚོར་བ་གསར་པ་ཞིག་ཀྱང་སྐྱེས། གང་ལྟར་ཉིན་འདིར་སྐོར་ལམ་གང་སར་བོད་མི་རྒས་མགོ་སེ་དང་གཞོན་ལྟེ་དམར་སོགས་མི་ཚོགས་རྣམས་འཚང་ཁ་ཤིག་ཤིག་ཏུ་སྣང་ཞིང་། དེ་དག་གི་རྒྱུད་ལ་ཞིབ་ཕྲའི་དགེ་སྡིག་གི་འགྱུར་ཁྱད་དང་། ལས་འབྲས་ཀྱི་རྣམ་བཞག ཟབ་མོའི་ལྟ་སྒོམ་སོགས་ཀྱི་གོ་བ་ཇི་ཙམ་ཡོད་མེད་ཀྱི་འདྲི་བཤད་མ་བྱུང་ཡང་། ཕྱི་ནས་མཐོང་ཚོད་ལ་མི་ཕལ་ཆེ་བ་མདོ་སྟོད་ཁམས་པའི་མཚན་ཉིད་ཡོངས་སུ་གསལ་བའི་སྟེང་། ལག་ཏུ་ཕྲེང་བ་དང་འཁོར་ལོ། ཁ་ནས་གསོལ་སྨོན་དང་སྙིང་པོ་འུར་འདོན་བྱེད་ཅིང་མང་ཆེ་བས་ཉ་ཆེན་འདི་རུ་ཤ་ཁྲག་གི་ཁ་ཟས་ཀྱང་གཏན་ནས་མི་ཟ་བ་སོགས་དད་མོས་གཞུང་དྲང་གི་རྣམ་འགྱུར་དེ་དག་ལས། རི་མཐོ་ས་གཙང་། བོད་མི་བསམ་བཟང་། ཞེས་ཡོངས་སུ་གྲགས་པ་ནི་འདི་འདྲ་མིན་ན་ཅི་ཞིག་ཡིན་སྙམ་པ་ཞིག་ཀྱང་བྱུང་སྟེ།
༧བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །
བསམ་པ་ངན་ན་ས་དང་ལམ་ཡང་ངན། །
ཐམས་ཅད་བསམ་པ་དག་ལ་རག་ལས་པས། །
ནམ་ཡང་བསམ་པ་བཟང་ལ་འབད་པར་འཚལ། །
ཞེས་པའི་སྔར་བརྩམས་ཀྱི་ཚིག་བཅད་དེ་ཡང་ཡིད་ལ་འཁོར། དེ་ནས་མར་རྫོང་གི་ཁྲོམ་གཞུང་དུ་འཆམ་འཆམ་དུ་འགྲོ་ཞོར་ལམ་གྱི་གཡས་གཡོན་དུ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ནི་དེང་རབས་སྔོན་ཐོན་ངོ་མཚར་ཅན་གྱི་འཛུགས་སྐྲུན་དང་། ཕྱི་ནང་འཁོར་ཡུག་ལ་གཙང་སྦྲ། ས་གནས་མི་རིགས་ཀྱི་ཁྱད་ཆོས་སོགས་གང་ལ་གཞིགས་ཀྱང་དང་སྤྲོ་ལ་ཡིད་གར་འོང་བ་ཞིག་མཐོང་རྒྱུ་ཉུང་བ་མ་ཟད། ཁྱད་པར་རིགས་མཐུན་གྱི་གཞོན་གསུམ་ཕལ་ཆེ་བའི་སྒོ་གསུམ་གྱི་གཤིས་ཀ་ནི།
༧ཕྱི་ཡི་ཆ་ལུགས་དེ་ཡང་འདྲ་མ་འདྲེས།།
ནང་གི་བསམ་ལུགས་དེ་ཡང་འདྲ་མ་འདྲེས།།
བར་གྱི་སྐད་ལུགས་དེ་ཡང་འདྲ་མ་འདྲེས།།
འདྲ་མ་འདྲེས་གསུམ་ང་ཚོའི་ཕུང་འདྲེ་ཡིན།།
ཞེས་པའི་སྡོམ་ཚིག་གི་བསྟན་དོན་ཡང་མངོན་དུ་གྱུར་འདུག་སྙམ་སྟེ་ཁོ་བོའི་ཡ་ཆུང་སེམས་ཀྱི་ངོས་སུ་ནག་ནོག་གི་དྲི་མ་མི་མཛེས་པ་ཞིག་ཀྱང་དབང་མེད་དུ་བགོས། དེ་མུར་འོད་སྟོང་ཅན་དེ་ཡང་ནུབ་རིའི་རྩེ་མོར་བསྙེགས་ཟིན་ཅིང་ཤར་གཏོང་དྲུག་གམ་གསུམ་གྱི་སྲིད་བཟང་སྔ་མོ་ནས་ས་ཁྱབ་རྡོ་བདལ་དུ་གྲགས་ཀྱང་དེ་རིང་རྒྱུ་རྐྱེན་ཅི་ཞིག་མ་འཛོམས་པ་ཡིན་ནམ། གང་ལྟར་ཁོ་བོའི་འགྲུལ་རོགས་དང་དོས་སྐྱེལ་རླངས་འཁོར་གཉིས་ཀའི་གནས་ཚུལ་ཁ་པར་གྱི་ལམ་ནས་ད་དུང་གོ་ཐབས་མ་བྱུང་སྟབས་ཁོ་བོ་ཡང་དོ་ནུབ་འདི་རུ་འདུག་གམ་འགྲོ་དགོས་པའི་ངེས་པ་མ་རྙེད་པར་ལུས། འོན་ཀྱང་ས་སྲོད་ཙམ་དུ་ཁོ་ཚོ་མཉམ་དུ་འཁྱགས་རབས་དང་། ཉོན་རབས། ལྟོགས་རབས་བཅས་ཀྱི་སྐད་ཆ་དྲུག་གསུམ་བཅོ་བརྒྱད་ཙམ་ཞིག་གླེང་བཞིན་འབྱོར་བྱུང་ཡང་ད་དུང་ཟ་འཐུང་གི་ཁོམ་ལོང་མེད་པར་ཤར་རྒྱག་འགྲོ་དགོས་པའི་འདོད་ཚུལ་སྟོན། དེ་དོན་ཇི་ལྟར་ང་ཚོ་ཡང་མཉམ་དུ་མདུན་ཕྱོགས་སུ་བསྐྱོད་འགོ་གཙུགས། ཕལ་ཆེར་འཁོར་དུས་༼༡༠༽པ་ཙམ་ལ་སྔོན་ཇིང་གིར་ཧོར་གྱི་རྒྱལ་པོའི་བསྟི་གནས་དང་། དེང་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དུ་གཞི་ནས་འབྱོར་ཐུབ་པ་བྱུང་། དེ་གར་ང་ཚོ་དང་འཕྲད་པའི་ཞག་སྡོད་ཀྱི་གནས་ཚང་ནི། བོད་རིགས་སྒེར་གཉེར་གྱི་འགྲུལ་ཁང་ཆེས་དཀྱུས་མ་ཞིག་སྟེ། ཟ་ཁང་དང་ཉལ་ཁང་མཉམ་དུ་སྤྱོད་པའི་ཁང་པ་རེ་རེའི་ནང་དུ་ཡང་འགྲུལ་པ་མི་གྲངས་བཅུ་ཁ་ལྷག་ཙམ་མཉམ་ཉལ་དགོས་པ་ཞིག་ཡིན་འདུག་ཅིང་། སྦྱིན་བདག་དང་ཞབས་ཞུ་བ་ཚང་མ་ཕ་ཡུལ་ཁམས་ཆབ་མདོ་ནས་ཡིན་པར་ཐོས་ཀྱང་དེ་དག་གི་སྐད་ལ་བརྟགས་ཚེ་གཙོ་བོ་སྦྲ་ཆེན་གྱི་ལུགས་དང་། རེ་ཟུང་ཆབ་མདོའི་སྐད། ལ་ལ་ལྷ་སའི་སྐད། ཁ་པར་གྱི་ཨང་གྲངས་སོགས་ནི་རྒྱ་སྐད་གྱི་ཐོག་ནས་གོ་བརྡ་འཕྲོད་ཙམ་སྨྲ་ཞིང་ལུས་ཀྱི་ཆ་ལུགས་ཡང་དེ་བཞིན་འདྲ་མ་འདྲེས་ཏེ། གང་ལྟར་རང་ལུང་པའི་ཁྱད་ཆོས་མཚོན་ཐུབ་པའི་མི་ནི་གཅིག་ཀྱང་མ་མཐོང་། དེ་བཞིན་ང་ཚོའི་ཟ་མ་ཡང་དང་པོའི་བྱུང་ཁུངས་དང་བར་གྱི་བརྒྱུད་རིམ་སོགས་གསལ་པོ་མི་ཤེས་རུང་དེང་དུས་བོད་མི་འགྲུལ་བཞུད་པ་བྱིངས་ལ་ཅུང་གྲགས་པ་ཆེ་བའི་བརྔོས་ཐུག་ལས་སྣོན་ཅན་༼ནམ་རྒྱུན་ཁྲོ་མན་ཅའ་ཀུང་ཟེར་འདུག༽ཞིག་དང་བོད་ཇ་སྲུབ་མ་གང་འཚམས་རེས་སྐོམ་ལྟོགས་ཀྱི་གདུང་བ་ཅི་ཡོད་མ་ལུས་ལུས་པ་མེད་པར་མཐར་བསྐྲད་ནས་ཡངས་ཤིང་རྒྱ་ཆེའི་ལྟོ་བའི་ཐུགས་དམ་ཇི་འདོད་ཚིམ་པར་བསྐངས་ཏེ། འགལ་མཐུན་སྣ་ཚོགས་ལས་གྲུབ་པའི་ཉིན་གཅིག་གི་སིམ་གདུང་བར་མའི་ཚོར་འདུ་མཐའ་དག་ཀུན་ཤོང་ཐིག་ལེ་ཉག་གཅིག་གི་ཀློང་དུ་མི་ནོར་མི་འགྱུར་བའི་གཟེར་ཆེན་ཞིག་གི་རྒྱ་ཡིས་བཏབ་ཅིང་འོད་གསལ་གཉིད་ཀྱི་ཞིང་ཁམས་ཆེན་པོ་དེ་རུ་བདེ་བར་གཤེགས་པར་གྱུར་ཏོ།།