༄༅། །ཤེར་སྒྲོན་དོགས་སེལ་གྱིས་བསླངས་པའི་རང་གི་ལྟ་ཚུལ་སྐོར་ཞིག་
ཐོ་རུ་བཀོད་པ། །
བསྟན་རྣམ།
༧འཁོར་བའི་སེམས་ཅན་ཐམས་ཅད་ཐུགས་རྗེས་ཐར་པར་འདྲེན་པའི་དཔལ།
གཤེན་རབ་སྟོན་པའི་སྐུ་ལ་ཕྱག་འཚལ་ལོ།།
༧ཉེ་ཆར་ཁམས་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བརྩམས་པའི་ཤེས་རབ་སྒྲོན་མའི་འོད་སྣང་ཞེས་པའི་ནང་དུ་བན་བོན་ཁྱད་པར་སྐོར་ཞིག་གླེང་བའི་དོགས་སེལ་གྱི་རྩོམ་ཡིག་ཅིག་ཁོ་བོས་མཐོང་བྱུང་། དང་ཐོག་མ་མཇལ་རྒྱང་གྲགས་ལྟར་ན་ཁོང་ནི་སྤྱིར་རིག་པའི་གནས་ཀུན་ལ་གཟིགས་རྒྱ་ཆེ་ཞིང་དུས་ཀྱི་གཉན་འཕྲང་
འདི་རུ་རིས་སུ་མ་ཆད་པའི་བོད་སྤྱི་ཡི་ཆོས་སྲིད་གཉིས་ཀྱི་དོན་དང་གྲུབ་མཐའ་ཕན་ཚུན་བར་གྱི་མཐུན་ལམ་སྐོར་ལ་
བཅོས་མིན་གྱི་ལྷག་བསམ་ཆེ་བའི་སྐྱེས་བུ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན་རྩོམ་དེ་ཡང་རིན་ཐང་
ཁྱད་པར་ཅན་ཞིག་ཏུ་མོས་ཏེ་འགོ་ནས་མཇུག་བར་ཆེད་དུ་ལྟ་ཀློག་བྱས་པ་ཡིན། འོན་ཀྱང་ཐོག་མའི་གདེང་འཇོག་གི་ཚད་གཞི་ཐལ་ཆེས་པའམ་ཡང་ན་ཁོང་གི་གསུང་ཚུལ་དེ་རིགས་ཁ་འཇམ་ཁོག་རྩུབ་བམ་ཐབས་མཁས་ཁོང་འཁྱོག་ཅིག་ཡིན་པ་གང་ལྟར་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ལྟར་བཀླགས་པའི་འབྲས་བུ་ནི་རྩ་བའི་རེ་བ་ལས་ཡོངས་སུ་གོ་ལྡོག་པའི་སྣང་ཚུལ་གསར་པ་ཞིག་ཁོ་བོའི་དྲན་སེམས་ངོས་སུ་བཀོད་སོང་། དེ་ཇི་ལྟར་ཞེ་ན། དོགས་སེལ་ལས། བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན། ཞེས་གསུངས་པའི་དོན་ད་སྔོན་ཁོང་གིས་མཁྱེན་མེད་ན་ཐུགས་ཁག་མི་འདུག་ཀྱང་ད་ནས་བཟུང་དུག་ཁོང་དུ་སོང་འདྲའི་འགྱོད་པ་དང་བཅས་ཕྱིས་སུ་དེ་འདྲ་ཅིས་ཀྱང་མ་མཛད་ན་རང་གཞན་ཀུན་ལ་གནོད་ཚབས་ཆུང་། མཁྱེན་ཡོད་ན། མིག་ཡོད་ཡོད་པར་དོང་དུ་མཆོང་བའི་དཔེ་ལྟར་ཇུས་མེད་ལ་ཇུས་གཏོགས་དང་། མ་ཤེས་ཤེས་ཁུལ་གྱིས་རྩོད་གཞི་འདི་འདྲ་སློང་དགོས་དོན་ཅི་ལ་ཐུག་པ་ཡིན་ན་སྙམ་པ་ཞིག་བྱུང་། དེ་ལ་ཁོང་གིས། དེ་ལྟར་མ་ཡིན་ཏེ། ཁོ་བོས་སྔོན་རྗེས་སུ་ཇི་ལྟར་བཤད་པ་དེ་བཞིན་དུ་བདེན་ནོ་སྙམ་ན་ནི་ཤིན་ཏུ་མ་ངེས་ཏེ། འདི་ལྟར་གཞན་གྱི་ལུང་དང་རིགས་པའི་སྤྲོས་པ་ལྟ་ཞོག དོགས་སེལ་དུ་བཏགས་པ་དེ་གཅིག་པུ་ལའང་བརྟགས་མི་བཟོད་པའི་འགལ་འདུ་དུ་མ་ཞིག་གྲུབ་པའི་ཕྱིར་ཏེ། འདིར་དཔེར་མཚོན་ཙམ་ཞིག་དྲངས་ན། རྩོམ་དེར། བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབས་ཀྱང་ཆོག་ཟེར། ཞེས་པ་སོགས་ནས་ཡས་བཤད་མས་བཀྲོལ་གྱི་གཏམ་ཉོག་དེ་རིགས་ཀྱི་དོན་སྒོ་ཅི་ཡང་མི་འབྱུང་བར་ཐལ། རྩ་བའི་དོན་ལ་ལུང་དང་རིགས་པ་རང་ཚིག་གསུམ་ཀས་གྲུབ་པའི་ཕྱིར། མ་གྲུབ་ན། གྲུབ་པར་ཐལ།དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ། གསུམ་པ་ཡང་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། ཉིད་ཀྱི་སྐྱབས་གནས་དམ་པ་ཨོ་རྒྱན་པདྨས་མཛད་པའི་བོན་ཆོས་རྣམ་དབྱེ་རྡོར་གླིང་གཏེར་བྱོན་ལས། སྟོན་པས་༼སངས་རྒྱས་གཤེན་རབ་མི་བོ། མཆན།༽རྩ་གསུམ་ལྷ་ཡི་གནས་ནས་ལྷ་བུ་དམ་པ་ཏོག་དཀར་བྱ་བ་གསུང་ལས་སྤྲུལ་ནས་ང་མིན་ཆོས་པོ་འདུལ་དུ་བཏང་། ལྷ་བུ་ཏོག་དཀར་ཤཱཀྱའི་སྲས་སུ་སྐུ་འཁྲུངས་ནས། ང་མིན་ཆོས་པོ་བཏུལ་ནས་མཚན་ཡང་ཤཱཀྱ་ཐུབ་པ་བདུད་འདུལ་དུ་མཚན་གསོལ་ལོ། གཡུང་དྲུང་བོན་རྣམས་དམ་པའི་ཆོས་སུ་སྒྲ་བསྒྱུར་ནས། བཅོས་པ་ལ་བརྟེན་ནས་ཆོས་ཞེས་བྱ། ཆོས་སུ་བསྟན་པས་འཇིག་རྟེན་གྱི་སྨག་རུམ་སེལ་བར་མཛད་པའོ། ཞེས་དང་། འགྲོ་བ་འདུལ་བའི་བོན་ལུང་མན་ངག་རྣམས། །ད་ལྟ་ཆོས་སུ་བསྒྱུར་བ་མ་གཏོགས་པ། །དོན་དམ་ངོ་བོ་ཆོས་འགོ་བོན་ལ་ཐུག །དེ་ཕྱིར་ཕྱོགས་རིས་བྱས་ན་དམྱལ་བར་འགྲོ། །ཞེས་སོགས་གསུངས་པའི་ཕྱིར། །བན་བོན་གྱི་རྣམ་དབྱེ་བཤད་པར་མོས་པ་རྣམས་ལ་བཀའ་སློབ་གནད་དུ་སྨིན་པ་དེ་འདྲ་གནང་ཡོད་པ་ད་སྔོན་ཨེ་རིག་ཨེ་ཤེས། ཤེར་སྒྲོན་དོགས་སེལ་མཁན་པོ་ད་དོགས་པ་ཅི་འདྲ་ཞིག་སེལ་སོང་ཀྱེ། །རྟགས་གཉིས་པ་དེར་ཐལ། འདིར་བསྟན་གཅིག་མཚུངས་དང་བསླབ་རུང་མིན་གྱི་དོན་མཐར་ཐུག་འབྲས་བུ་ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་འབྱུང་མིན་ལས་གནས་སྐབས་ཁ་ཕོར་སོགས་ཀྱི་ཆེད་ཙམ་དུ་མ་ཡིན་པ་གང་ཞིག དེ་ལྟར་འབྱུང་བ་བན་བོན་གཉིས་ཀའི་གཞུང་དུ་གྲུབ་པའི་ཕྱིར། རྟགས་དང་པོ་དངོས། ཕྱི་མ་མ་གྲུབ་ན། བན་བོན་གཉིས་ཀར་དེ་ཡོད་པའི་ཕྱིར་ཏེ། དང་པོ་ཁས། ཕྱི་མ་དེར་ཐལ། ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཉིད་ཀྱི་མཚན་ཉིད་ནི། །ཀུན་གསལ་དོན་རྟོགས་མཚན་ཉིད་འཛིན། །ཞེས་དང་། བྱམས་མ་ལས། སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ། ས་གསུམ་སྤངས་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་སུ་མཆིའོ། ཞེས་སོགས་དང་། རིགས་པས་ཀྱང་གྲུབ་སྟེ། ཁམས་ཆེན་སྟོང་ཕྲག་བརྒྱ་པ་བོན་ཅན། རང་གི་བདག་རྐྱེན་དུ་གྱུར་པའི་ཐམས་ཅད་མཁྱེན་པ་ཡོད་དེ། དཔྱད་གསུམ་གྱིས་དག་པའི་གསུང་རབ་མཐར་ཐུག་ཡིན་པའི་ཕྱིར། །ཞེས་པའི་སྦྱོར་བ་ཡང་དག་ཡོད་པའི་ཕྱིར། །གསུམ་པ་ཡང་དེར་ཐལ། ཁྱེད་ཀྱིས་གོང་དུ་འོ་ན་བོན་གྱི་ཆོས་བསླབ་ཏུ་རུང་ངམ་ཞེ་ན། ཅིས་ཀྱང་རུང་སྟེ། མི་སོ་སོའི་ཁམས་དབང་དང་དད་པ་མི་འདྲ་བས་རང་གིས་བསླབ་པར་འདོད་ཕྱིན་ཆོས་ལུགས་གང་ལའང་བསླབ་ཏུ་རུང་། ཞེས་གསུང་མ་ཐག་པ་ཡིན་པའི་ཕྱིར།། འཁོར་གསུམ།།
༧ཡང་བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་
ཡོད་མེད་དང་། སོགས་ནས། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་
དང་ཁ་ཚོན་བཅད་པ་གང་ཡང་མེད། ཅེས་གསུངས། དེ་ལ་ཁ་ཚོན་མ་ཆོད་ནས་མ་བཅད་པའམ་ཆོད་ཀྱང་མ་བཅད་པ་
གང་། དང་པོ་ལྟར་ན་གནད་ཆེ་ས་ནས་མི་ཤེས་བཞིན་དུ་ཡས་བཤད་མས་བཀྲལ་གྱི་གཏམ་ཉོག་དེ་འདྲ་རྩོམ་པས་སུ་ལ་
ཕན་སུ་ལ་གནོད། གཉིས་པ་ལྟར་ན། དེ་ལྟར་ཐག་གཅོད་པའི་གལ་གནད་ཆེ་ཡང་མི་གཅོད་པའི་རྒྱུ་མཚན་གང་ཞིག་གི་ལ་རྒྱའམ་སུ་ཞིག་ལ་འཇིགས་ཤིང་སྐྲག་པ་ཡིན་ཀྱང་མི་འཇོན་འཇོན་ཁུལ་དགོས་པའི་བཀའ་ཁྲལ་ལྕི་མོ་འདི་འདྲ་དབང་
ཆེན་སུ་འདྲ་ཞིག་གིས་ཕབ་བྱུང་། ཀུ་རེ་ཡིན། དོན་ལ་ཐག་ཆེ་ས་ནས་མ་ཆོད་ན་དོན་ཆུང་ས་ནས་མི་འགྲུབ། ཅེས་པའི་དཔེ་ལྟར་ལགས་པས་ཁྱེད་ཀྱི་གསུང་ལ་དཔྱད་ཅིང་དཔྱད་ན་རིན་ཐང་གང་ཞིག་འདུག། ངེས་པར་བོན་གྱི་སྐོར་བཤད་པའི་རྩོམ་ཚད་ལྡན་ཞིག་འབྲི་བར་དགོངས་ན། དེའི་རྒྱུ་ཐུན་མོང་མ་ཡིན་པ་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་བཀའ་འགྱུར་རིན་པོ་ཆེ་དང་། དེ་འབྲེལ་བོན་གྱི་མཁས་དབང་དག་གིས་བརྩམས་པའི་བཀའ་བརྟེན་ཡང་དག་རྣམས་ལ་ཞིབ་པར་གཟིགས་རྟོགས་གནང་གྲུབ་ན་ད་གཟོད་རྩོམ་སྟངས་ཡས་མགོ་མས་ཤམ་ཅན་དང་། བརྗོད་དོན་རྡོ་ཆག་ལྷུ་སྒྲིག་ལྟ་བུའི་ཚིག་སྦྱོར་ཡ་མ་ཟུང་འདི་འདྲ་མི་འབྱུང་བར་ངེས་པས་ཐུགས་ལ་ཅིས་ཀྱང་ཞེན་པར་འཚལ་ན་ཨ་ལ་ལ་ཧོ།།
༧ཡང་རྒྱ་ཡིག་ཚིག་མཛོད་སོགས་སུ་སངས་རྒྱས་པའི་ཆོས་ཞེས་པ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ནར་གོ་བ་སོགས་ནི་མངར་ཆ་ཡིན་ན་འོ་མ་ཡིན་པས་ཁྱབ་པ་དང་། ཟ་རྒྱུ་ཡིན་ན་རྩམ་པ་ཡིན་པས་ཁྱབ་པར་རློམ་པའི་རིགས་ལམ་པའི་ཕྱོགས་སུ་སོང་བ་ཡིན་པས་འདིར་བཤད་པ་ནི་བོང་བུའི་ནང་ཆ་ཁྲོམ་ལ་བཏོན་པའི་དཔེ་ཟླར་ཟད་པས་སྙིང་པོ་ཅི་ཞིག་ཡོད། དཔེ་དོན་འདི་ནི་ཤེར་སྒྲོན་དང་དེའི་དོགས་སེལ་སོགས་ཀྱི་བཤད་ཡམ་གྱི་བཀའ་རྙོག་གནད་བརྒྱའི་སྒོ་མོ་དུས་གཅིག་ཏུ་འབྱེད་པའི་རིག་འཕྲུལ་གྱི་ལྡེ་མིག་ཅིག་ཀྱང་ཡིན་ནོ།།
༧ད་དུང་བཤད་པར་བྱ་བ་མང་ནའང་རེ་ ཞིག་མདོ་དོན་བསྡུས་ཏེ་བཤད་ན་གནའ་མིའི་གཏམ་དཔེ་ལས། མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག་གི་དཔེ་ལྟར་གོ་བ་ལོན་ན་འདིར་བཤད་པ་དེ་ཙམ་གྱིས་ཀྱང་
གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་ཆོག་པར་བྱས་ཤིང་། གཞན་དུ་ཆེ་ཡིས་ཅི་བྱས་ཆུང་། གནའ་བའི་ཕྲུ་གུ་བྲག་ལ་འཛེགས། ཞེས་པ་ལྟར་སྔོན་ནས་ད་བར་དུ་བོད་ཀྱི་རིག་གནས་ཀུན་གྱི་རྨེང་གཞི་ཡི་གེའི་བྱུང་རིམ་ནས། དེ་འབྲེལ་གྱི་ཤེས་རིག་ཁག་
ངོས་འཛིན་གནང་སྐབས་དོན་གྱི་ཡིན་ལུགས་རྣལ་མ་དང་བོད་སྤྱི་ཡི་ལས་དབང་ལ་མི་ལྟོས་པར་ཆོས་སྲིད་བྱེ་བྲག་པ་ཞིག་གི་དགོས་མཁོ་ཉེ་ཚེ་བ་ཞིག་ལ་བློ་གཏད་དེ་ཕྱོགས་ལྷུང་ཁོ་ནས་མ་གཏོགས་གཟུར་གནས་ཕུགས་ཆོད་ཀྱི་བདེན་གཏམ་བཤད་མཁན་ཤིན་ཏུ་དཀོན་པ་བཞིན་ཁྱེད་ཀྱང་དེ་དག་གི་རྗེས་སུ་མཛེ་ཕོ་མདུང་བཟུང་གིས་མཐའ་གཅིག་ཏུ་འཇུག་པར་འདོད་ན། སྐུ་ཉིད་ད་ལན་རི་བོ་གངས་ཅན་པའི་ཕ་ཁྱིམ་དྲོད་མོར་སྐྱེས་ཤིང་རིག་པའི་གནས་ལ་ཐོས་བསམ་གྱི་ངལ་བ་ཅུང་བྱས་པའི་དོན་པོ་དུས་རབས་ཉེར་གཅིག་པའི་ནང་དུ་མི་རིགས་ནང་ཁུལ་དང་། གྲུབ་མཐའ་ཕན་ཚུན་དབར་སྔར་མེད་ཀྱི་འཁྲུག་གཞི་འཇོག་མཁན་གྱི་གཏེ་པོ་གསར་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་པས་ན་རང་གི་འགན་འཁྲི་ཇི་ལྟར་ཁུར་སྔ་ཙམ་ནས་བསམ་བློ་འཁོར་ན་མཁས་པའི་ངང་ཚུལ་ཡིན་པས་ཅིས་ཀྱང་བློ་གཟུ་བོར་གནས་ན་ལེགས་ཞེས་མི་རིགས་ནང་མོལ་གྱི་ཉེན་བརྡ་ཞུས་པ་ཡིན། དེས་ན་དོགས་སེལ་དུ། ད་ལྟ་རང་རེ་རྣམས་མཐུན་བསྒྲིལ་བྱ་དགོས་པའི་དུས་ཡིན་གྱི། ཁ་བྲལ་བྱ་བའི་དུས་མ་ཡིན་པས་བན་བོན་མཐུན་བསྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་པ་ལ་འབད་བརྩོན་བྱ་བ་འདི་ལས་གལ་ཆེ་བ་ཅི་ཡང་མི་འདུག ཅེས་པའི་དོན་ཁྱེད་ཀྱིས་ཁ་མིན་སྙིང་གི་དགོངས་ཕྱོགས་ཡིན་ན་ད་སྔོན་ཚིག་རྙོག་དེ་རིགས་རང་གིས་ཉེས་བྱས་འབའ་ཞིག་ཏུ་ངོས་ལེན་ཐོག་འབྲེལ་ཡོད་བན་བོན་གྱི་སྐྱ་སེར་སུ་ལའང་དགོངས་དག་ཐུགས་བདེན་ཞུས་ཁར། མ་འོངས་སྐུ་ཚེ་ཇི་ཙམ་བཞུགས་རིང་རྒྱུས་མེད་ཀྱི་མི་རིགས་གཞན་པའི་མགོ་སྐོར་དང་། དགོས་པ་ཉི་ཚེ་བ་ཞིག་ཁོག་ཏུ་བཅུག་ཏེ་མི་རིགས་ནང་ཁུལ་དང་ཆོས་ལུགས་ཕན་ཚུན་དབར་རྙོག་གྲ་ཅན་གྱི་བསམ་སྤྱོར་དེ་རིགས་དུག་ལྟར་སྤངས་ཏེ། ཨོ་རྒྱན་པདྨའི་ཞལ་ནས། བོན་དང་ཆོས་ཀྱང་བོན་སྔ་བས། །ཆོས་ཀྱི་བྱུང་ཁུངས་བོན་ལས་བྱུང་བ་ཡིན། །ཆོས་ཀྱིས་བོན་ལ་གཤེ་ན་དམ་ཚིག་ཉམས། །དེ་ཡི་རྐྱེན་གྱིས་རང་བསྟན་རང་གིས་བཤིགས། །མ་འོངས་དུས་ན་ང་ཡི་རྣམ་ཐར་ལ། །ང་ཡི་གསུང་མིན་ཚིག་ལྷད་འགའ་ཡིས་ནི། །བོན་ལ་གཤེ་ཞིང་གཤེན་ལ་སྐུར་བའོ། །དེ་ཚེ་ཆོས་ཀྱི་བསྟན་པ་ཡུན་མི་གནས། །བོན་གྱིས་ཆོས་ལ་ངན་སྨྲ་བྱས་འགྱུར་ན། །དེ་ཡི་ཉེས་སྐྱོན་འདུལ་བྱ་ཆུང་བ་འགྲོ། །འགྲོ་བ་མི་མོས་བོན་ཀྱང་བྱིན་མི་ཆགས། །གཤེན་སྟོན་རྣམས་ཀྱང་ཐབས་སྡུག་འགྲོ་དོན་ཆུང་། །དེ་ལྟར་ཕྱག་སྐོར་བཟླས་བརྗོད་ཅི་བྱས་ཀྱང་། །གཡས་སུ་སྐོར་བ་ཐབས་ཀྱི་སྐོར། །གཡོན་དུ་སྐོར་བ་ཤེས་རབ་སྐོར། །ཐབས་དང་ཤེས་རབ་ཡ་མ་བྲལ་བའོ། །བོན་པོས་བོན་བཞིན་མི་སྤྱོད་ན། །དེ་ནི་བདུད་རིགས་མུ་སྟེགས་རྟུལ་ཞུགས་འདྲ། །ཆོས་པས་ཆོས་བཞིན་མི་སྤྱོད་ན། །ལོག་པའི་ལམ་ཞུགས་དེ་ནི་སྲིན་པོ་འདྲ། །དེས་ན་བོན་ཆོས་དབྱེར་མེད་གྱིས། །ཞེས་པའི་གདམས་དོན་ཐུགས་དམ་དུ་བསྲེལ་ན་དུས་དང་རྣམ་པ་ཀུན་ཏུ་དགེ་ཞིང་ཤིས་པ་ཡིན་ནོ། དེ་ལས་གཞན་དུ། མ་མཐོང་ཕྱིར་ན་མེད་པར་འཛིན་པ་དང་། །མ་ཤེས་བཞིན་དུ་འོལ་ཚོད་སྨྲ་བ་དང་། །མ་བརྟགས་གཞན་ལ་ཁྱད་གསོད་བྱེད་འདི་གསུམ། །བླུན་ཚུལ་ཡིན་པ་བོན་ཆོས་ལུང་ཀུན་གྲུབ། །ཅེས་དང་། མི་ཐུབ་པ་ལ་དོ་བསྡོས་ན། །མེ་ཐེག་ཁུར་པོ་རང་ལ་འབེབས། །བཟོད་བླགས་མེད་ཀྱང་རང་སྡུག་ཡིན། །ཞེས་དང་། ཁོ་བོའི་ཀ་རྩོམ་ཞིག་ཏུ། ཏ༵་ལེར་འགྲོ་འདྲེན་དམུ་རྒྱལ་གཤེན་དང་བཅོམ་ལྡན་ཐུབ་པའི་དབང་པོ་ཡིས། །ཐ༵་དད་བོན་དང་ཆོས་ཞེས་བསྟན་ཀྱང་མཐར་ཐུག་ཞི་བདེའི་དོན་དུ་གཅིག །ད༵་ལྟ་འུ་ཚོས་ང་བཟང་ཁྱོད་ནི་ངན་ཞེས་ཆགས་སྡང་སྨྲ་བ་རྣམས། །ན༵་རག་དམྱལ་བ་མི་འདོད་ཟེར་བཞིན་དེ་རུ་སྐྱེ་བའི་གཡབ་མོ་ལགས། །ཞེས་པའི་དོན་རྣམས་ཁྱེད་ཀྱིས་མི་འདོད་བཞིན་དུ་དབུ་ལ་གདུགས་དང་སྐུ་ལ་གྲིབ་མ་བཞིན་དུ་འཁོར་བར་མི་འགྱུར་རམ་སྙམ་མོ། མདོར་ན་གྲུབ་མཐའི་ཁྱད་པར་བཤད་པའི་དགོས་པ་སྐབས་སུ་བྱུང་ཚེ་རང་རང་གི་གཞུང་ལུགས་རྣམ་མའི་དོན་རྣམས་ཇི་བཞིན་ཤེས་ཁར་གཟུ་བོའི་བློས་འཆད་རྩོམ་འདྲ་ནུས་ན་འཕྲལ་ཕུགས་ཀུན་ཏུ་དགེ་བར་འགྱུར་ལ། དེ་ལྟར་མ་བྱུང་ཚེ་ནམ་ཡང་རྩོད་རྙོག་ཇེ་ཆེ་ལས་དོན་གོ་ཅི་ཡང་མེད་པས་རང་ཉི༴ད་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དེ་རང་ལ་ཐོས་བསམ་སོགས་ཀྱི་ལས་འབའ་ཞིག་ལ་བརྩོན་ན་ཁེ་ཆེ་བར་ལོ་རྒྱུས་ཀྱི་ཉམས་མྱོང་དང་ད་ལྟའི་གནས་བབས་གཉིས་ཀས་དངོས་ར་གསལ་པོར་འཕྲོད་དང་སྤྲད་བཞིན་ཡོད་པ་ནི་དོན་དངོས་ཤིག་ཡིན་པར་རྟོགས་སོ།། ༢༠༡༡་༦་༢༠