གཞན་ཡུལ་ཞིག་ནས་ཕ་ས་མཐོ་སྒང་དྲན་ནས་ཡོད།།
བོད་དྲི་མེད་པའི་གཞན་ས་ཞིག་ལ།།
བོད་ཟས་མེད་པའི་དུག་ཟས་ཡུལ་ལ།།
བོད་རིགས་མེད་པའི་དགྱ་ཡུལ་ཞིག་ལ།།
བོད་སྐད་མེད་པའི་གཞན་སྐད་ས་ལ།།
ཁ་བ་རི་བའི་སྤུན་ཟླ་དྲན་བྱུང་།།
རྫས་དུག་ཅན་གྱི་མཁའ་དབུག་བཙོག་ས།།
རྫིང་དྲི་ཅན་གྱི་ཆུ་བོ་བཙོག་ས།།
སྣ་མང་ཅན་གྱི་ཤ་རིགས་བཙོག་ས།།
ཚལ་རིགས་མང་བའི་བྲོ་བ་བཙོག་ས།།
བོད་པ་ཚང་གི་ཕ་ཟས་དྲན་བྱུང་།།
མི་སྣ་མང་བའི་གྲོང་ཁྱེར་ཞིག་ནས།།
ཐོག་བརྩེགས་ཅན་གྱི་ཁང་པའི་དཀྱིལ་ནས།།
སྔོ་ལྗང་ཅན་གྱི་རྩ་ཐང་སྟེང་ནས།།
དཀར་དམར་འདྲེས་པའི་མེ་ཏོག་གསེང་ནས།།
སྲོག་གི་གཅེས་པའི་གྲོགས་པོ་དྲན་བྱུང་།།
འ་འུར་མང་བའི་མི་ཚོགས་དཀྱིལ་ནས།།
གང་ན་བལྟས་ན་མི་ཤེས་ས་ནས།།
སྲང་ལམ་མང་བའི་ལྔ་མདོ་ཞིག་ནས།།
ཁེར་རྒྱུག་བྱས་ན་གར་འགྲོ་མེད་ནས།།
བཀའ་དྲིན་ཆེ་བའི་ཕ་ཁྱིམ་དྲན་བྱུང་།།
ཕ་ས་མཐོ་སྒང་གངས་ཅན་ཡུལ་གྱི །
ཕ་སྐད་མ་ཡིག་མགྲིན་དབྱངས་འཐེན་ས།།
གླུ་གར་རྒྱ་མཚོའི་ཕ་ས་གངས་ལྗོངས།།
ཡིད་ལ་འཁོར་ནས་འགྲོ་འདོད་ཆེ་བས།།
ཚོར་སྣང་རྣལ་མ་གཟུགས་ལ་བཀོད་དོ།།
༢༠༡༤/༧/༩/ཉིན་ཉི་མེད་འབུ་སྲིན་གྲོང་ནས་ཕ་ས་མཐོ་སྒང་དྲན་བཞིན་ཤར་མར་བྲིས།
- ཟིན་ཐོ་གོང་མ།གློ་བུར་དུ་རྙེད་པའི་སྙན་ངག་་་་གྲོགས་ལ་ཕུལ།།
- ཟིན་ཐོ་འོག་མ།ཁ་བའི་གསེང་ནས་དྲན་པ་ཐོར་ཐོར