སྔར་སོང་གི་ལོ་ཟླ་ལ་ཕྱིར་དྲན།
ཨ་མའི་ཁོག་ལ་ཟླ་དགུ་ཞག་བཅུར་གནས་ཚང་གཡར་ནས་འགོ་བཟུང་སྟེ།།
འཇིག་རྟེན་འདི་ལ་བསམ་མེད་ཞིག་ནས་རིམ་བཞིན་ལང་ཚོ་རྒྱས་འགོ་རྩོམ།།
ལན་རེ་དགའ་བཞིན་སྐབས་རེ་སྐྱོ་བཞིན་ལོ་ཟླའི་དུས་ཚོད་མང་པོ་འདས།།
སྐབས་རེ་འཇམ་ལ་དུས་རེ་རྩུབ་བཞིན་བྱིས་པའི་ཚོར་བ་མང་ཞིག་མྱོང་།།
ཉིན་རེ་ཟླ་རེ་ལོ་རེ་བཞིན་དུ་མི་ཚེའི་གོམ་ཁ་སྤོས་རིམ་བཞིན།།
ལུས་ཀྱི་རྩལ་རྫོགས་མཐོང་རྒྱ་ཇེ་ཆེ་ཐོས་རྒྱ་ཇེ་མང་སོང་ལེ་རེད།།
སེམས་ལ་དྲན་རྒྱུ་མི་ལ་དགོས་རྒྱུ་རིམ་བཞིན་རིམ་བཞིན་མང་ནས་སོང་།།
མི་ཚེ་འདི་ལ་ཚིམ་རྒྱུ་ཡོད་པ་ནམ་ཡང་ཡོང་བ་དཀོན་ཚོད་འདུག
སྐབས་འགའ་དགའ་ནས་བགད་མྱོང་ཡོད་ལ་དུང་སོ་ཕྱི་ལ་སྟོན་མྱོང་ཡོད།།
ལན་རེར་སེམས་ལ་སྡུག་གིས་མནར་ནས་སྡུག་གི་མིག་ཆུ་ཤོར་མྱོང་ཡོད།།
དུས་རེར་བདེ་ཞིང་བདེ་བའི་འཚོ་བ་བདེ་མོའི་ངང་ནས་སྤྱོད་མྱོང་ཡོད།།
རེ་འགར་སྐྱིད་ནས་སྐྱིད་པའི་གར་བྲོ་ཟབ་ཞིང་རྒྱས་པ་འཁྲབ་མྱོང་ཡོད།།
མི་ཚེའི་ལམ་ནས་གསལ་ལ་མི་གསལ་མག་མོག་ལམ་ནས་འགྲོ་མྱོང་ཡོད།།
ཟླུམ་གཟུགས་འདིའི་སྟེང་ལྟེ་ཁྲག་འཕོས་ནས་ཀྱག་ཀྱོག་ལམ་ལ་བགྲོད་མྱོང་ཡོད།།
མི་སྐད་བཤད་སྟེ་བརྩེ་ཞིང་དུང་བར་ནག་ནོག་དྲི་མས་སྒྲིབ་མྱོང་ཡོད།།
སྔར་སོང་ལོ་ཟླར་ཕྱིར་དྲན་བྱེད་དུས་གནོང་འགྱོད་དྲག་པོ་སྐྱེ་བཞིན་འདུག །
དང་པོ་ཆགས་པ་ཕ་མའི་ཁུ་ཁྲག་འདྲེས་མ་ཞིག་གིས་ཡིན་ཚོད་འདུག །
བར་དུ་གནས་གཡར་ཨ་མ་རྒན་མོའི་བྲང་ཁོག་ནང་དུ་ཡིན་པ་འདྲ།།
ཐ་མ་ཡོང་ས་འཇིག་རྟེན་ཞེས་པའི་སྒྱུ་རྩལ་ངོམ་སའི་གནས་ཤིག་འདུག །
སྒྱུ་རྩལ་ཞེས་པའི་འཁྲབ་སྟོན་ཆེན་པོ་སྔར་སོང་རྒྱུད་རིམ་ཁྲོད་ན་གདའ།།
༢༠༡༤/༩/༥/ཉིན་བྲིས།
- ཟིན་ཐོ་གོང་མ།ཚང་མ་དགོས།།
- ཟིན་ཐོ་འོག་མ།སྔར་ས་ཞིག