མེ་ཏོག་རྐང་གཅིག །
ཁྱུང་བཙན་རྒོད།།
ཡར་ཀའི་ལྷ་ལ་ཕུལ་བའི་ཀུ་བསྭོ་དང་།།
བར་གྱི་གཉེན་ལ་བཏད་པའི་བཏང་རག་གཉིས།།
འོག་གི་ཀླུ་ལ་མཆོད་པའི་གཙང་ཁྲུས་གསུམ།།
སྤང་ནས་སྐྱེས་པའི་རང་བྱུང་མེ་ཏོག་ཡིན།།
ཕུ་ཡི་རི་འགོར་བཏང་བའི་དུ་བ་དང་།།
བར་གྱི་རི་སྐེད་འཁྲིགས་པའི་སྨུག་སྤྲིན་ཡང་།།
མདའ་ནས་གཙང་ཆབ་སྔོན་མོའི་རྦ་རླབས་སོགས།།
སེམས་པའི་གཏིང་གི་མེ་ཏོག་རྐང་གཅིག་ཡིན།།
སྐབས་འགར་མཐོ་སར་འགྲོ་བའི་པ་སེ་གདའ།།
རེ་ཞིག་ཐད་འགྲོ་བྱ་བའི་སྤོབས་པ་ཀྱང་།།
ཚོར་བའི་ཀློང་ནས་བྱུང་བའི་རྟོགས་འཇུ་ཡང་།།
མི་ཚེར་དམ་དུ་བཅས་པའི་མེ་ཏོག་ཡིན།།
སྨག་ནག་མུན་པ་སེལ་བའི་སྒྲོན་མེ་དང་།།
རྣམ་རྟོག་ལྕི་མོ་འབྱུང་བའི་གཙང་སེལ་དག །
ཁྲག་རླུང་སྟོད་ལ་འཕྱུར་བའི་གཉེན་པོ་སོགས།།
ཡིད་ཀྱི་གདིང་ན་ཡོད་པའི་མེ་ཏོག་ཡིན།།
ཕར་ཀའི་བྲག་རི་གཏོར་བའི་ཐོག་མདའ་དང་།།
ཚུར་ཀའི་ནགས་རི་གཅོད་པའི་སྟ་རེ་ཡང་།།
དཀྱིལ་དུ་ཨར་འདམ་མེད་པ་བཟོ་བྱེད་ཀྱང་།།
ཁ་ཞེ་གཉིས་མེད་མེ་ཏོག་དཀར་པོ་ཡིན།།
ཚོར་བའི་སྦུབས་ནས་དགའ་བའི་དགའ་རྟགས་དང་།།
ཡིད་ཀྱི་ཀློང་ནས་བྱུང་བའི་ཚོར་རྟོག་ཀྱང་།།
སྙིང་ཆུང་དམར་པོ་འདར་འདར་བྱེད་བཞིན་ན།།
མི་ཚེ་གཅིག་ལ་མེ་ཏོག་རྐང་གཅིག་ཡོད།།
སེམས་པ་ནག་པོ་སྤྲིན་པ་ནག་པོ་ཡིན།།
ལུས་པོ་དཀར་པོ་ཁ་བ་དཀར་པོ་ཡིན།།
བརྩེ་བ་དམར་པོ་མེ་ལྕེ་དམར་པོ་སོགས།།
ནམ་ཡང་གཏན་གྲོགས་འགྱུར་མེད་མེ་ཏོག་ཡིན།།
ཁར་རྩང་ཡོང་བའི་ལམ་ཁ་དཀར་ཀྱང་རུང་།།
དེ་རིང་འགྲོ་སའི་འགྲོག་ལམ་དོག་ན་ཡང་།།
ཟུངས་ཁྲག་དམར་པོའི་ཤུལ་ཙམ་དོད་པ་དེ།།
དཀར་དཀར་སེམས་ཀྱི་མེ་ཏོག་དཀར་པོ་ཡིན།།
ཤ་ཐུག་རུས་ཟད་རེ་བཅོལ་ཡོད་ཀྱང་ཆོག།
འུ་ཐུག་ཡི་ཆད་སྐྱབས་བཅོལ་མེད་ནའང་།།
སྔོ་དམར་འདྲེས་པའི་ཀླད་པ་ལྗང་ཁུ་འདི།།
ཡོད་ཚད་བླུགས་སྣོད་མེ་ཏོག་མཆོད་རྐང་ཡིན།།
༢༠༡༤/༡༡/༡༤/དགོང་མོར་བྲིས།
- ཟིན་ཐོ་གོང་མ།ཉིན་གཅིག་གི་ཚོར་བ།།
- ཟིན་ཐོ་འོག་མ།བརྩེ་དུང་།