བོན་གྱི་ཤེས་རིག་དང་འབྲེལ་བའི་དྲི་ལན་ཤེས་བྱ་ཟེགས་མ།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས།
རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཤེས་རྟོགས་ཡོང་ཆེད། ད་ལན་མུ་ཁྲི་བཙན་པོའི་དུས་དེབ་རྩོམ་སྒྲིག་པས། བོན་གྱི་ཤེས་རིག་དང་འབྲེལ་བའི་དྲི་བ་ཁ་ཤས་བཏང་གནང་མཛད་པའི་ལན་ལ་ས་མིག་མ་སྟོང་ཙམ་ཞིག་དྲི་ལན་ཁ་ཤས་གསལ་འདེབས་ཞུ་རྒྱུ་ཡིན།
དྲི་བར། ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་བོན་གྱི་གསོ་རིག་འབུམ་བཞི་ཞེས་པ་དེ། དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་གསོ་རིག་འབུམ་བཞི་ཞེས་པ་དེ་ཡིན་ནམ།
ལན། བོན་གྱི་ལོ་རྒྱུས་ངོས་ནས་བཤད་ན། སྟོན་པ་གཤེན་རབ་ཀྱིས་རིག་པའི་གཞུང་ལུགས་ཁག་གཏན་ལ་ཕབ་ཚུལ། སྤྱིར་རིག་པའི་གཞུང་ལུགས་གཙོ་བོ་བཟོ་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེན་ལྔ་གཏན་ལ་ཕབ་། དེ་ཡང་གནས་ཆེན་རེ་རེའི་གཞུང་ལུགས་གཙོ་བོ་འབུམ་སྡེ་དཀར་ནག་ཁྲ་གསུམ་མམ་འབུམ་གསུམ་རེ་ཀུན་ལ་ཡོད་ཅིང་། གསོ་བ་རིག་པའི་འབུམ་དཀར་ནག་ཁྲ་གསུམ་ནི་གསོ་་བྱའི་ནད་འབུམ་ནག་པོ། འཚོ་བྱེད་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་གྱི་སྨན་འབུམ་དཀར་པོ་དང་གསུམ་ལ་སྨན་འབུམ་དཀར་ནག་ཁྲ་གསུམ་ཟེར་ལ། དེ་སྟེང་རྩ་བ་ཐུགས་འབུམ་མཁའ་སྔོན་བསྣན་པས་གསོ་རིག་འབུམ་བཞི་ཞེས་འབོད་ལ། འབུམ་བཞི་དེ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་མངོན་པར་ཤེས་པ། བདེན་པར་སྨྲ་བ། རིག་པར་སྨྲ་བ། ངེས་པར་སྨྲ་བ། ཡིད་ལས་སྤྲུལ་པ། ཡིད་ལས་བྱུང་བ། ཡིད་ལས་སྐྱེས་པ། ཡིད་ལས་གྲུབ་པ་དང་བཅས་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དེ། གསོ་བ་རིག་པའི་གཞུང་ལུགས་གཏན་ལ་ཕབ། མཛད་མདོ་རྒྱས་པར་དྲི་མེད་གཟི་བརྗིད་ལས། “ དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉི་ཁྲི་ཆིག་སྟོང་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ། ”ཅེས་གསལ། ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པའི་བོན་གྱི་གསོ་རིག་འབུམ་བཞི་ཞེས་པ་འདི། དཔྱད་བུ་ཁྲི་ཤེས་ཀྱིས་མཛད་དམ། སྟོན་པ་གཤེན་རབ་ཀྱིས་མཛད་ཅེ་ན། ལོ་རྒྱུས་ཐོག་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་གསོ་རིག་འབུམ་བཞི་ཟེར་བ་ཞིག་མེད་ལ། སྟོན་པ་གཤེན་རབ་ཀྱིས་མཛད་པའི་གསོ་རིག་འབུམ་བཞི་ནི། ད་ལྟ་བོན་གྱི་བཀའ་འགྱུར་ཆེན་མོའི་ནང་བཞུགས་ཡོད་པ། རྩ་བ་ཐུགས་འབུམ་མཁའ་སྔོན། སྨན་འབུམ་དཀར་པོ། དཔྱད་འབུམ་ཁྲ་བོ། ནད་འབུམ་ནག་པོ་དང་བཞི་ལ་གསོ་རིག་འབུམ་བཞི་ཞེས་ཡོངས་སུ་གྲགས་པ་དེ་ལྟར་རེད། འབུམ་བཞི་དེ་སྟོན་པས་དཔྱད་བུ་ཁྲི་ཤེས་ལ་ཚུལ་ཇི་ལྟར་བསྟན་ཞེ་ན། ཐུགས་འབུམ་མཁའ་སྔོན་ལས། ” སྟོན་པས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། བདུད་རྩི་བང་མཛོད་འབུམ་བཞིའི་མདོ་སྡེ་ལས། གསོ་རིག་ཐུགས་འབུམ་མཁའ་སྔོན་བསླབ་པ་ལ། འབུ༵མ་དང་ཡ༵ན་ལག་གནས༵་དང་ནི། སྐབ༵ས་དང་མ༵དོ་དང་ལེའུ་བསླབ་པར་བྱའོ།” ཞེས་གསལ་བ་ལྟར། རྩ་བའི་འབུམ་བཞི་ལ། ཡན་ལག་བརྒྱད་དང་། གནས་བཅུ་གཅིག སྐབས་བཅོ་ལྔ། མདོ་བཞི། ལེའུ་བརྒྱ་དང་རེ་གཉིས་བཅས་གསོ་རིག་འབུམ་བཞིའི་རྩ་བ་དང་། ཡན་ལག ཉིང་ལག་དང་བཅས་པའི་བརྗོད་དོན་ཆ་ཚང་གི་སྡོམ་ཚིག་དེ་སྟོན་པས་དཔྱད་བུ་ཁྲི་ཤེས་གཙོས་གསོ་བ་རིག་པའི་ཞུ་འཁོར་རྣམས་ལ་བསྟན་ཚུལ་དེ་ལྟར་རེད། འོ་ན་ཉེ་ཆར་མི་རིགས་དཔེ་སྐྲུན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དག་གིས་པར་བསྐྲུན་བྱས་པའི་གསོ་རིག་འབུམ་བཞིའི་མཛད་བྱང་ལ།” དཔྱད་བུ་ཁྲིད་ཤེས་ཀྱིས་མཛད་དང་། དཔྱད་བུ་ཁྲིད་ཤེས་སོགས་ཀྱིས་བསྡུས། “ ཟེར་བ་དེ་གང་ཡིན་ཞེ་ན། དེ་ནི་པར་སྐྲུན་འགན་ཁུར་བ་རྣམས་ཀྱིས་དམིགས་ཡུལ་གཞན་ཞིག་བཟུང་ནས་འདོད་དབང་གིས་རྫུན་བཟོ་འམ་ནན་ཏན་མ་བྱས་པའི་ནོར་འཁྲུལ་ཞིག་རེད། སྤྱིར་བོན་གྱི་གསོ་རིག་འབུམ་བཞིའི་མགོ་མཇུག་བར་གསུམ་ལ་གསུངས་པ་པོ་དང་། ཞུ་བ་པོ་སུ་ཡིན་འབུམ་སོ་སོའི་དབུ་ཡི་གླེང་གཞི་དང་། བར་གྱི་མཚམས་སྦྱོར། མཇུག་གི་མངོན་བསྟོད་བཅས་གསལ་པོར་འཁོད་ཡོད་པས་དེ་ལ་ཐེ་ཚོམ་དང་གོ་ནོར་སྐྱེ་ས་གང་ཡང་མེད་ལ། འབུམ་བཞི་གསུང་མཁན་སྟོན་པ་གཤེན་རབ་ཡིན་པ་གསལ་པོར་འཁོད་ཡོད་ལ། དཔྱད་བུ་ཁྲི་ཤེས་དེ་གསོ་རིག་འབུམ་བཞི་ཞུ་བ་པོ་དང་གཉེར་གཏད་ས་ཡིན་པའི་ལོ་རྒྱུས་གསལ་པོར་ཡོད་པ་དེ་ལྟར་རེད། མདོ་གཟེར་མིག་ལས།” སྟོན་པའི་ཞལ་ནས་གསུང་པའི་དཔྱད་ཀྱི་ལུང་འདི་ལ། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན།“ ཞེས་སོགས་ཀྱིས་རྟོགས་ནུས་སོ།
དྲི་བར། འབུམ་བཞི་ཞང་ཞུང་གི་སྐད་ནས་བོད་སྐད་དུ་མཁས་པ་སུས་བསྒྱུར་བ་ཡིན། དེའི་རྗེས་ལ་སྐད་གསར་བཅད་མཛད་པའི་ལོ་རྒྱུས་ཨེ་ཡོད།
ལན། འབུམ་བཞིའི་རྩ་བ་ཐུགས་འབུམ་མཁའ་སྔོན་གྱི་མཇུག་བྱང་ལས། ” སངས་རྒྱས་བསྟན་པའི་གཙོ་བོས། (སྟོན་པ་གཤེན་རབ་མི་བོ།)དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་ཚ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེ་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད།“ ཅེས་གསལ་བ་ལྟར་གསོ་རིག་འབུམ་བཞི་དེ་དང་ཐོག་སྟོན་པ་གཤེན་རབ་ཀྱིས་གསོ་རིག་གཉེར་དཔོན་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ་ལ་བཤད། དེས་ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་བོད་ཀྱི་མཁས་པ་གྱིམ་ཚ་རྨ་ཆུང་ལ་བརྒྱུད་ཚུལ་གསལ་བ་ལྟར་ན། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། ལྕེ་ཚ་མཁར་བུ་གཉིས་ཀྱིས་ཞང་ཞུང་གི་སྐད་ནས་བོད་སྐད་དུ་བསྒྱུར་བར་སེམས་ཏེ། གཅིག་ནི་གོང་གསལ་འབུམ་བཞིའི་བརྒྱུད་རིམ་ནང་སྟོང་རྒྱུང་གིས་ལྕེ་ཚ་མཁར་བུ་ལ་བརྒྱུད་ཚུལ་གསལ་བ་དང་། གཉིས་ནི་འབུམ་བཞི་ཙམ་མ་ཚད་བོན་གྱི་གསུང་རབ་ཕལ་མོ་ཆེ་རྣམས་ཞང་སྐད་ལས་བོན་སྐད་དུ་སྒྱུར་མཁན་གཙོ་བོ་སྟོང་རྒྱུང་མཐུ་ཆེན་དང་། བསྒྱུར་གནས་གཙང་སྟོད་བྱེ་མ་གཡུང་དྲུང་ཡིན་པའི་ལོ་རྒྱུས་མང་བས་སོ། ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་མཇུག་བྱང་ལས།” ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་གཉིས་ཀྱིས། ཡུལ་བོད་དང་ཞང་ཞུང་གི་རུ་མཚམས། བྱེ་བ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར། གཤེན་རབ་མི་བོའི་བཀའ་གཞུང་ལས། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་པ་རྡེབས་ནས། སྣང་སྲིད་གཏན་ལ་ཕེབས་པ་རྫོགས་སོ། “ཞེས་སོགས་ཀྱི་ལོ་རྒྱུས་ཀྱི་ཤུགས་རྟོགས་མཚོན་ཐུབ་པ་ཞིག་རེད། དེ་ནས་འབུམ་བཞི་ཞང་སྐད་ལས་བོད་སྐད་བསྒྱུར་རྗེས་སྐད་གསར་བཅད་མཛད་པའི་ལོ་རྒྱུས་ཀྱང་། མིག་ལམ་དུ་མ་གྱུར་ཡང་དུས་རབས་སྔ་ཕྱིའི་འགྱུར་ལྡོག་ལ་དཔག་པའི་བརྡ་སྤྲོད་ཀྱི་འགྲོ་ལུགས་འགྱུར་བ་བྱུང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་དང་དུས་ཀྱི་འགྱུར་འགྲོས་ལ་བརྟག་ན་ཤུགས་རྟོགས་ཐུབ་པ་ཞིག་རེད་སྙམ།
དྲི་བར། བོད་བྱང་ཁུལ་གྱི་རུས་མིང་། སྤུག་གསེབ་དང། གྱེར་རུ། བུ་རུ་ཞེས་པ་རྣམས་གཡུང་དྲུང་བོན་གྱི་ཐ་སྙད་དངོས་ཨེ་ཡིན།
ལན། ཐ་སྙད་དེ་དག་སྔོན་གྱི་ཡིག་རྙིང་ཁག་ནང་འཁོད་པའི་མིང་ཚིག་དང་། དེང་སྐབས་ཡུལ་མིའི་ཁ་སྐད་དང་། ཡི་གེར་བྲི་སྟང་ཅུང་འགྱུར་བ་ཕྱིན་ཡོད་སྲིད་དེ། དཔེར་ན་རུས་མིང་སྤུག༵་གསེ༵བ་ཅེས་པ་ཞིག་ལོ་རྒྱུས་ཁག་ནང་མཐོང་ཡུལ་དུ་མ་གྱུར་ཀྱང་བོན་གྱི་ཡིག་རྙིང་ཁག་ནང་། གནའ་བོའི་སྐབས་སུ་བོན་གཤེན་མཆོད་བོན་བཞི་བཅུའི་གྲལ་དུ། ”སྤུག་གཟིའི་གཤེན་གསུམ།“ ཞེས་པའི་སྤུག་གཟི་ཟེར་བའི་ས་ཆ་དང་། གཤིན་པོ། རུས་མིང་བཅས་ཡོད་པས། སྤུག་གསེབ་ཟེར་བ་དེ་སྤུག་གཟིའི་སྒྲ་ཟུར་ཆགས་པར་མིན་ནམ་སྙམ། གྱེར་རུ་ཞེས་པའི་གྱེར་ནི་བོན་གྱི་བརྡ་རྙིང་ཤོས་ཤིག་དང་། གྱེར་རུ་ཞེས་བོད་ཀྱི་རུས་རྒྱུད་བྱེ་བྲག་པ་ཞིག་གི་མིང་ལའང་གོ། འུ༵་རུ༵་ཞེས་པའི་འུ༵་ནི་བོད་ཀྱི་རུས་ཆེན་ཞིག་གི་མིང་ཡིན་ལ། འུ་རུ་ཞེས་པའི་རུས་མིང་ཞིག ལུས་ཆུང་ཁ་ཤས་ལ་དེ་ལྟརའང་འབོད་ཀྱང་དོན་དངོས་ལོ་རྒྱུས་ཐོག་དེ་ལྟར་ཡོད་མེད་མ་ཤེས་ཀྱང་ཕལ་ཆེར་བོན་གྱི་གདུང་རྒྱུད་ཁག་ནང་། ཨུ་རི་དང་། དབུ་རི་ཟེར་བའི་གདུང་རྒྱུད་ཀྱི་བླ་མ་དང། རུས་མིང་ཡོད་པས། གང་ལྟར་འུ་རུ་དང་། ཨུ་རི། དབུ་རི་བཅས་ཡི་གེ་འབྲི་སྟངས་ཁྱད་ཞིག་མིན་ནམ་སྙམ།
དྲི་བར། དེ་བཞིན་ནག་ཚང་ཤེལ་ཚ་ཁུལ་དུ། སྟོང་རྒྱུང་རི་བོ་དང་། གྱེར་རྒྱུང་རི་བོ་ཞེས་པ་འདུག་པས་དེ་དག་བོན་གྱི་ལོ་རྒྱུས་རྣམས་སུ་བོན་གྱི་སྒྲུབ་གནས་ཡིན་ཚུལ་འཁོད་ཡོད་དམ།
ལན། སྟོང་རྒྱུང་དང། གྱེར་རྒྱུང་ཞེས་པའི་རི་བོ་དེ་དག་གནའ་བོའི་བོན་གྱི་ལོ་རྒྱུས་ཁག་ནང་། སྟོད་ཀྱི་རྒྱུང་དགུའི་ནང་ཚན་ཡིན་པ་གསལ་ལ། “རྒྱུང་དགུ།” ནི་སྟོད་ཀྱི་རྒྱུང་དགུ་དང་སྨད་ཀྱི་རྒྱུང་དགུ་ཞེས་ཁག་གཉིས་ཙམ་གསལ་ཡོད་ཀྱང་། སྟོད་སྨད་ཟེར་བ་དེ་ནི་ས་གནས་ཡར་མར་ཕན་ཚུན་ལྟོས་བཅས་ཀྱི་སྒོ་ནས་བཏགས་པར་སེམས་ལ། དཔེར་ན། ཞང་ཞུང་ཕུགས་པའི་ཕྱོགས་ནས་མར་གཞལ་ཚེ། “ཞང་ཞུང་སྟོད་ཀྱི་ལྷ་རབས་སྡེ་བཞི། བར་གྱི་གངས་རི་མཚོ་གསུམ། སྨད་ཀྱི་རྒྱུང་དགུའི་གནས།”ཞེས་ས་ཆ་སྟོད་སྨད་བར་གསུམ་གྱི་ནང་ནས་རྒྱུང་དགུ་དེ་སྨད་ཕྱོགས་ལ་ངོས་འཛིན་པ་དང་། ཞང་ཞུང་སྒོ་པའི་ངོས་ནས་ཡར་གཞལ་ཚེ། “སྟོད་ཀྱི་ཞང་ཞུང་རྒྱུང་དགུའམ་སྤྲུལ་པ་སྟོད་ཀྱི་རྒྱུང་དགུ། ” ཞེས་སྟོད་ཕྱོགས་ལ་ངོས་འཛིན་གནང་སྲོལ་བྱུང་ཡོད་ཀྱང་དོན་དངོས་ཞང་ཞུང་བར་པའི་ཕྱོགས་ལ་གནས་ཤས་ཆེ་ཡོད། དེ་ལྟ་བུའི་སྟོད་ཀྱི་རྒྱུང་དགུ་ནི། ཇི་རྒྱུང་དང་། སྟོང་རྒྱུང་། ཏིང་རྒྱུང་། ཤེལ་རྒྱུང་། འུར་རྒྱུང་། ཞུ་རྒྱུང་། གྱེར་རྒྱུང་། སད་རྒྱུང་བཅས་ལ་སྤྲུལ་པ་སྟོད་ཀྱི་རྒྱུང་དགུ་ཞེས་བོན་གྱི་ཡིག་རྙིང་མཁའ་ཀློང་གསང་མདོས་སོགས་ལས་གསལ་ལ། འོ་ན་སྟོད་ཀྱི་རྒྱུང་དགུ་དེ་དག་ས་ཆ་ག་པར་གནས་ཡོད་ཅེ་ན། དེང་ནག་ཆུ་ས་ཁུལ་གྱི་ཤེལ་ཚ་རྫོང་དང་ཉི་མ་རྫོང་། སྟོད་མངའ་རིས་ཀྱི་མཚོ་ཆེན་དང་འབྲོང་པའི་ས་ཁུལ་བཅས་ལ་ཞིབ་འཇུག་དང་དཔྱད་པ་བྱས་ཚེ་རྒྱུང་དགུ་ཕལ་ཆེ་བའི་གནས་རི་ངོས་འཛིན་ཐུབ་ཀྱང་ལོ་རྒྱུས་ཧ་ཅང་དུས་ཡུན་རིང་བའི་རྐྱེན་གྱིས་ས་མིང་ཁ་ཤས་ཅུང་རྟོགས་དཀའ་བའི་གནས་སུ་གྱུར་ཡོད་ལ། སྟོད་ཀྱི་རྒྱུང་དགུ་དེ་དག་སྔར་བོན་བསྟན་སྔ་དར་སྐབས་བསྒྲུབ་གནས་དང་གནས་རི་རྩ་ཆེན་བརྩི་བའི་སྐབས་ཤིག་བྱུང་ཡོད་ཀྱང་ཕྱིས་བོན་བསྟན། འཕེལ་འགྲིབ་ཀྱི་རང་བཞིན་ཤིན་ཏུ་རྒོད་པས་དེང་ས་མིང་ཙམ་མ་གཏོགས་གཞན་གནས་ཡུལ་དེ་དག་གནའ་བོའི་སྲོལ་རྒྱུན་གྱི་རིན་ཐང་ཐམས་ཅད་རྩ་སྟོངས་སུ་གྱུར་ཡོད་པ་བཅས་སོ།