སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྨ་རྒྱལ་པོམ་རའི་སྐོར་ངོ་སྤྲོད།
[ 2011/5/13 22:54:00 | By: འགོ་བ་དགེ་བཤེས། ]
 
རྨ་ཆེན་པོམ་རའི་སྐོར།  

                                                                            རྨ་ཆེན་པོམ་ར་ནི་སྤྲུལ་སྐུ་བློ་ལྡན་གྱིས་མཛད་པའི་འཛམ་གླིང་སྤྱི་བསང་ལས།   “རྨ་ཆེན་པོམ་ར་ལ་སོགས་མདོ་སྨད་ས་བདག་ཀླུ་གཉན།” ཞེས་གསལ་བ་ལྟར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ནང་ནས་མདོ་སྨད་ཕྱོགས་ཀྱི་ཡུལ་རི་གཞི་བདག་ཀུན་གྱི་རྗེ་བོ་དང་།   སྐྱེས་ཆེན་དམ་པ་རིམ་བྱོན་གྱི་བསྒྲུབ་གནས་ཁྱད་འཕགས་ཅན་དང་།    གསང་བའི་བོན་གཏེར་བསམ་གྱིས་མི་ཁྱབ་པའི་གཏེར་གནས།     རྨ་ཆེན་གངས་ཀྱི་རི་རྒྱུད་ལ་གནས་པའི་དད་ལྡན་ཕོ་མོ་རྣམས་ཀྱི་རྒྱབ་རི་དང་རྨ་གཡང་ནོར་གྱི་གཏེར་བདག་སོགས་ས་རྟགས་མི་འགྱུར་སྲིད་པ་ཆགས་ཀྱི་གངས་རྒན་མདོ་སྨད་ཀྱི་ས་དམིགས་འཛིན་པས་སོ།  པོམ་ར་གནས་ཡུལ་གྱི་དབང་དུ་བྱས་ན།    མདོ་སྨད་སྐྱ་རིང་གི་མཚོ་དང་སྔོ་རིང་གི་མཚོ།  རྨ་སྟོད་སྟོང་གི་མཚོ་ནག་སོགས་ནས་བབས་པའི་ཆུ་བཞིའི་ནང་ཚན་རྨ་ཆུ་དེ།  རྨ་ཆེན་གངས་ཀྱི་རི་རྒྱུད་ཀྱི་མཐའ་ནས་གཡས་བསྐོར་གྱི་ཚུལ་དང་བབས་ཤིང་།  རྨ་ཆུས་མུ་ཁྱུད་བསྐོར་བའི་དབུས་སུ།  ཨ་མྱེས་རྨ་ཆེན་པོམ་ར་ཞེས་བརྗིད་ཆགས་ཡིད་དུ་འོང་བའི་གྲགས་ཅན་གྱི་གངས་རི་ཞིག་གནས་ཡོད།    རྨ་རྒྱལ་པོམ་ར་ནི།   བོན་གཞུང་ཁག་ནང་སྤྱིར་ཀུན་བཟང་གི་ཐུགས་སྤྲུལ་ལམ་ཐུགས་སྲས་ཡིན་པ་དང་།  བྱེ་བྲག་ཏུ་བོན་གྱི་བསྟན་སྲུང་དམ་ཅན་ཕོ་རྒྱུད་ཀྱི་ནང་ནས་བསྟན་སྲུང་རྨ་གཉན་པོམ་ར།  ཞེས་ཡོངས་སུ་གྲགས་ལ་།  གཞན་ཡང་ཡི་དམ་དུ་མའི་བཀའ་ཉན་ལས་བྱེད་ཀྱི་འཁོར་དུ་ཡང་གཏོགས་ཏེ།  ཡི་དམ་སྟག་ལ་མེ་་འབར་གྱི་འཁོར་དྲེགས་པ་བཅོ་བརྒྱད་ཀྱི་ནང་ནས་བཞི་པ “ཡུལ་ལྷའི་དྲེགས་པ་རྨ་གཉན་པོམ་ར་”ཞེས་དང་། ཡི་དམ་མགོན་པོ་རྣམ་གསུམ་ལ་སོགས་གཙང་མ་ཞང་ཞུང་ལྷ་ཚོགས་ཀྱི་ནང་ཚན་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་ལས་ཀྱི་ལྷ་འཁོར་སྡེ་བཞིའི་ནང་ནས་བཞི་པ་“པོམ་ར་དམ་ཅན་ལྷ་ཡི་འཁོར་”ཞེས་དང་།  བོན་གཞུང་ཤུགས་མགོན་ལ་སོགས་ལུང་འགའ་ཞིག་ལས།  “ཤེལ་གྱི་གུར་ཁང་གསས་མཁར་ན།  རྨ་གཉན་པོམ་ར་སྲིད་པའི་ལྷ།   ངག་བརྙན་གུར་པོ་གུར་ཡུག་དང་།   ཕོ་ལྷ་ཐེན་པོ་ཐན་ཤར་དང་།  བློན་པོ་སྐྱོགས་ཆེན་ལྡོང་ར་རྣམས།   གེར་མཛོ་རི་བོ་དབང་ཞུ་དང་།།   སྲས་ལ་ལྕམ་དྲལ་སྤྲུལ་པ་བཅས་པས། ལྷ་འཁོར་འབུམ་གྱི་དམག་དང་ཆས།”   ཞེས་དང་།  སྟོང་རྒྱུང་གི་བརྔན་བསང་ཆེན་མོ་ལས། “ཤར་གྱི་རྨ་གཉན་པོམ་ར་སོགས།   མཆོད་ནི་རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆོད།”  ཞེས་སོགས་གསལ་བ་ལྟར། ཀུན་བཟང་ཐུགས་སྤྲུལ་ལྷ་སྲས་རྨ་རྒྱལ་པོམ་ར་ལ་རྨ་ཡི་དྲལ་པོ་དགུ་དང་། ལྕམ་མོ་དགུ། ཡང་འཁོར་སུམ་བརྒྱ་དྲུག་ཅུ།  ཕྱི་འཁོར་འབུམ་དང་བཅས་པས་བསྐོར་ནས་རྨ་ཆེན་གངས་ཀྱི་རི་རྒྱུད་གཙོས་མདོ་སྨད་ས་ཡི་ཡུལ་ལྗོངས་ཀྱི་དམིགས་འཛིན་པའོ།   གཞན་ཡང་རྨ་གཡང་ནོར་གྱི་གཏེར་བདག་དང་། ལྷ་རིགས་གཞན་དག་གི་འཁོར་སོགས་བཤད་པ་ཡོད་ཀྱང་རེས་ཤིག་མ་སྤྲོས་སོ།  དེས་ན་ཞང་བོད་ཀྱི་ལོ་རྒྱུས་ཐོག།   ཏི་སེ་དང་ཐ་ལྷ།    པོམ་ར་གསུམ་དེ། རི་བརྒྱའི་དཔོན་པོ་དང་།  ལུང་བརྒྱའི་ཕུགས་འཛིན།  ཆུ་བརྒྱའི་འདུས་མདོ།  ས་གནད་ཀྱི་དམིགས་འཛིན། རྒྱལ་ཁབ་ཀྱི་བླ་རི། མི་དམངས་ཀྱི་རྒྱབ་རི།  ཡུལ་ལུང་གི་ལྷ་རི། ཟབ་གཏེར་གྱི་གནས་རི་སོགས་ལར་གངས་ཅན་གྱི་ཁྲོད་དུ་ཁ་བ་དཀར་པོའི་གངས་རི་ཤིན་ཏུ་མང་ན་ཡང་།  སྟོད་སྨད་བར་གསུམ་གྱི་ས་ཚིགས་ཀྱི་དམིགས་འཛིན་པའི་གངས་ཅན་གྱི་བླ་རི་ཆེ་གསུམ་བསྔགས་ཏེ།   བོན་གྱི་དཔེ་རྙིང་ཀུན་བཟང་བསང་ནག་སོགས་ལས། “སྟོད་ཀྱི་གེ་ཁོད་ལྷ་འཁོར།  བར་གྱི་ཐང་ལྷའི་ལྷ་འཁོར། སྨད་ཀྱི་པོམ་རའི་ལྷ་འཁོར།”  ཞེས་གསལ་བ་ལྟར་སྟོད་ན་གངས་དཀར་ཏི་སེའི་རི་རྒྱུད་ལ་གངས་གཉན་སུམ་བརྒྱ་དྲུག་ཅུ་དང་།  བར་དུ་གཉན་ཆེན་ཐང་ལྷའི་རི་རྒྱུད་ལ་གཉན་སྲས་སུམ་བརྒྱ་དྲུག་ཅུ།  སྨད་ན་རྨ་ཆེན་པོམ་རའི་རི་རྒྱུད་ལ་རྨ་གཉན་སུམ་བརྒྱ་དྲུག་ཅུས་བསྐོར་ནས་བཞུགས་པས།    རི་བརྒྱའི་དབུས་ན་འབུར་དུ་ཐོན་པའམ་ཁྱད་དུ་འཕགས་ལ།  གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དང་རྒྱལ་གྱི་ཆབ་སྲིད།  འབངས་ཀྱི་བདེ་སྐྱིད་བཅས་ལ་མཐུན་རྐྱེན་སྡོང་གྲོགས་བྱེད་མཁན་བསྟན་དམ་ཐ་ཚིག་ཅན་གྱི་སྲིད་པའི་ཡུལ་ལྷ་གཞི་བདག་ཤིན་ཏུ་མང་ན་ཡང་།  འདི་གསུམ་གཙོར་ཆེ་བ།   ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།  ཏི་སེ་གཙོས་གྱུར་ཞང་ཞུང་ལྷ་རིགས་དང་།     ཐང་ལྷ་གཙོས་གྱུར་བོད་ཡུལ་ལྷ་རིགས་དང་།  པོམ་ར་གཙོས་གྱུར་མདོ་ཁམས་ལྷ་རིགས་དང་།  སྲིད་པའི་སྨན་ཚོགས་དགུ་ཁྲི་དགུ་འབུམ་དང་།   འཇིག་རྟེན་སྐྱོང་བྱེད་བརྟན་མ་བཅུ་གཉིས་སོགས།”  ཞེས་པ་ནས།  བོན་གྱི་བསྟན་སྲུང་བསྐོས་པའི་གཉེར་ཡང་གཏད།  དམ་ཅན་ཡེ་ཤེས་སྤྱན་ལྡན་མིང་དུ་གསོལ།” ཞེས་གསལ་བ་ལྟར།    སྔོན་སྟོན་མཆོག་གཤེན་རབ་མི་བོ་ཞང་བོད་ཀྱི་ལྗོངས་སུ་ཕེབས་སྐབས།     སྤྱིར་ལྷ་སྲིན་སྡེ་བརྒྱད་དང་ཡུལ་ས་གཞི་བདག་ཀུན་ཀར་བཀའ་བགོས་དམ་བཅའ་མཛད་པ་དང་།     བྱེ་བྲག་ཏུ་རྨ་གཉན་པོམ་ར་གཙོས་གངས་རི་ཆེ་གསུམ་སངས་རྒྱས་ཀྱི་བསྟན་སྲུང་དམ་ཅན། ཡེ་ཤེས་སྤྱན་ལྡན་དུ་མཚན་གསོལ་བ་ནས་བཟུང་ད་བར་ཞང་བོད་མི་དམངས་ཀྱིས་བསྟན་སྲུང་དམ་ཅན་རྒྱ་མཚོ་དང་། ཡུལ་ལྷ་གཞི་བདག་རྣམས་ལ།   སྔར་བཅོལ་ལས་ཀྱི་གཏང་རག  ཕྱི་བཅོལ་འགྲུབ་པའི་མཐུན་རྐྱེན།  ལོ་དུས་ཀྱི་གསོལ་ཁ་ཟླ་དུས་ཀྱི་མཆོད་པ།   ཉིན་རེའི་བསང་མཆོད་སོགས་གང་གི་སྐབས་སུ་གངས་ཅན་བླ་རི་རྣམ་གསུམ་འདི་དག་གཙིགས་སུ་བཟུང་ནས་མཆོད་བསྟོད་བྱེད་པའི་སྲོལ་རྒྱུན་ཉམས་མེད་ཆུ་ལམ་ཞུགས་ཀྱི་ཚུལ་དུ་གནས་ཡོད་པ་དེ།  ཡེ་ཤེས་སྤྱན་ལྡན་དང་རྣམ་དཔྱོད་ཅན་གྱིས་དཔྱད་པ་མ་བྱས་ནའང་། སྨྲ་ཤེས་དོན་གོ་བོད་མི་རྩམ་གཟན་ཀུན་གྱིས་མཐོང་ཐོས་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཞིག་དང་།  སྔ་སྲོལ་རྒྱུན་གནས་ཀྱི་ལམ་ལུགས་ཐོག་གོམ་པ་རིམ་བགྲོས་ཀྱི་སྒོ་ནས་མདུན་སྐྱེད་བྱེད་བཞིན་པ་བཅས་རེད།   

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.