ཞང་ཞུང་རྒད་པོའི་སྐྱིད་སྡུག་མཐོང་ཐོས།

འགོ་པ་བསྟན་འཛིན་འབྲུག་གྲགས་ཀྱིས།
ཞང་ཞུང་རྒད་པོ་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་རྫོགས་པའི་ཐོས་རྒྱ་ཅན་ཞིག་མ་ཡིན་ནའང་། སྐྱིད་སྡུག་མང་པོའི་ལོ་རྒྱུས་ཀྱི་ཁྲོད་དུ་མི་ཟས་ཡུན་རིང་ཟོས་ཏེ་མཐོང་ཐོས་ཅུང་ཟད་མྱོང་བའི་མི་རྒན་ཞིག་ཡིན་པའི་ཆ་ནས། འདས་པའི་གནའ་བོའི་ཆོས་རིག་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཏེ་ད་ལྟའི་མི་རིགས་ཀྱི་ལོ་རྒྱུས་དང་། མ་འོངས་པའི་མདུན་ལམ་སྐོར་ལ་སྐྱིད་སྡུག་མཐོང་ཐོས་མང་པོའི་ཉམས་མྱོང་ཡང་ཡོད་ལ། ཕམ་ཉེས་ཀྱི་བསླབ་བྱ་དུ་མའང་ཡོད་པས། རང་སེམས་བག་ལ་མི་ཞ་བར་དྲན་པའི་ཡིད་ཀྱི་ཕོ་ཉས་ཉེ་བར་བསྐུལ་བས་ལོ་རྒྱུས་ཀྱི་རི་མོ་བསུབ་ཏུ་མེད་པའི་ཤོག་ལྷེ་ཞིག་ས་སྟེང་འདི་ན་ལེགས་སྐྱེས་ཕུལ་ཐུབ་ན་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བསླང་སྟེ་སྨྱུ་གུའི་ལམ་ནས་སོར་རྩེས་བསྐྲུན་པ་འདི། དོན་མེད་ཁ་བཤད་རླུང་ལ་བསྐུར་བའི་འཕྲིན་ཡིག་ཅིག་ག་ལ་ཡིན་སྲིད། ས་དབང་ཡུལ་གྱི་སྙིང་པོ་ཞང་ཞུང་ནི། སྣོད་ཀྱི་མ་མ་འབྱུང་ལྔ་དང་བཅུད་ཀྱི་མེས་པོ་སྲིད་སྒོང་དཀར་ནག་ལས་གྲོལ་བའི་ཡོད་ཁམས་སྲིད་པ་གསུམ་གྱི་ཁྱབ་ཁོངས། མེད་ཁམས་བསྐལ་པ་དགུ་ཡི་ཐོག་གྲས། འཇིག་རྟེན་སྟེང་འོག་བར་གསུམ་གྱི་དཀྱིལ་མ། ཕྱོགས་བཅུའི་སྟོང་གསུམ་གྱི་དབུས་མ། སྲིད་པའི་གླིང་ཆེན་བཞི་ཡི་ཡ་གྱལ། ལྷོ་རྒྱལ་འཛམ་བུ་གླིང་གི་ལྟེ་བ། འཛམ་གླིང་གླིང་ཕྲན་བདུན་གྱི་ཤར་གླིང་། ལྷ་གཤེན་སྲིད་པ་གསུམ་གྱི་གདུལ་ཞིང་། ཞང་ཞུང་བཟང་པོ་དངོས་ཀྱི་ཡུལ་ནི་སྟོད་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན་ཆད། སྨད་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་ཆད། ལྷོ་རྒྱུད་རྒྱ་གར་བལ་པོ་ཚུན་ཆད་འདི། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང་། སྔ་རབས་གཡུང་དྲུང་བོན་གྱི་རྒྱལ་ཁམས། ད་ལྟའི་གངས་ལྗོངས་རིག་པའི་ཕ་ཡུལ། མ་འོངས་འཚེ་མེད་ཞི་བའི་བསྟི་གནས། ཨེ་མ་གཅེས་སུ་འོས་པའི་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ལོ་རྒྱུས་ལོ་ཡི་ཕྲེང་བ་ལོ་རབས་ཁྲི་ཕྲག་ལས་འདས་ཤིང་། རྨད་དུ་བྱུང་བའི་སྣོད་བཅུད་གཉིས་ཀྱི་བཀོད་པའི་དབྱིབས་ནི་བ༵ཀྲ་ཤིས༵་ཀྱི་རེ་ཁས་སྤྲས་པའི་རྟག༵ས་བརྒྱད༵་ཀྱི་རི་མོ་རྣམ་པར་བཀྲ་བའི་ཚུལ་ཏེ། མཐིང་སྔོན་གཡུ་འོད་འཕྲོ་བའི་ནམ་མཁའ་འཁོ༵ར་ལོ༵་རྩིབ་བརྒྱད་ཀྱི་དཀྱིལ་འཁོར་སྟེང་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱི་བླ་བྲེའི་དབུ་གདུག༵ས་སྲིད་གསུམ་གྱི་བླར་ན་མངོན་པར་བཏེགས་ཤིང་། ཕན་བདེའི་འོད་སྟོང་མདོ་སྔགས་སེམས་གསུམ་གྱི་ཁྲི་གདུགས་གཞོན་ནུ་འབུམ་གྱི་གཟི་འོད་ལྷམ་མེ་ས་གཞིར་ཁྱབ་པས། གསེར་བཙོའི་འོད་མདངས་འབར་བའི་དབྱིག་འཛིན་དགའ་མའི་ལྟོ་བར་ཤེས་རིག་པ༵ད་མ༵་འདབ་བརྒྱད་བརྒྱ་ཕྲག་བཞད་ཅིང་འཛུམ་རླབས་རྒྱལ་པའི་དྲི་བསུང་ཞིམ་པོ་རྣམས། མ་མ་ཤ་ཤའི་རྫི་རླུང་བསིལ་བུར་ལྡང་བས། དཔྱོད་ལྡན་བུང་བའི་ཚོགས་རྣམས་ངང་གིས་འདུས་ཤིང་རང་ནོར་རང་བདག་གིས་ཤེས་རིག་འཛིན་སྐྱོང་སྤེལ་བའི་དཔལ་ལྡན་མི་དབང་ཞང་ཞུང་རྒྱལ་པོའི་གདུང་རབས་གངས་རིའི་ཚར་དུ་དངར་ཞིང་བླ་རི་གངས་རྒྱལ་ཏི་སེ་ནི་མི་ནུབ་པའི་རྒྱལ༵་མཚ༵ན་ལྟར་ཤིན་ཏུ་བརྗིད་ཆགས་ལྡན་ལ། གང་གི་ལོ་རྒྱུས་རིང་མོའི་མཚན་སྙན་གྱི་གྲགས་དཀར་ནི་སྐྱེ་བ་ལྔ་པའི་དུང༵་སྒྲ་བཞིན་དུ་སྐྱེ་རྒུའི་འགྲོ་བ་ཡོངས་ཀྱི་རྣ་བའི་བདུད་རྩིར་གྱུར། ཏི་སེའི་ཕྱོགས་བཞིར་ཕྱི་ལྟར་ན་མཐའ་བཞིའི་རྒྱལ་བཞི་གཉའ་མནན། ནང་ལྟར་ན་ཉོན་མོངས་བདུད་བཞི་ཟིལ་གནོན་གྱི་ཁ་འབབ་རྣམ་བཞིའི་ཆུ་བོའི་རླབས་སྒྲ་ལྷུང་ལྷུང་སྙན་པར་སྒྲོག་སྟེ། ཤར་དུ་རྟ་མཆོག་ཁ་འབབ་ བྱང་དུ་སེང་གེ་ཁ་འབབ་ ནུབ་ཏུ་གླང་ཆེན་ཁ་འབབ་ ལྷོ་རུ་རྨ་བྱ་ཁ་འབབ་དང་བཞི་ནི་ཞང་ཞུང་རྒད་པོའི་ཆོས་རིག་ལོ་རྒྱུས་ཀྱི་ཟུངས་ཁྲག་ཡིན་པས། རྒྱ་ཆེ་བའི་ཞང་བོད་འཛིན་མའི་ཁྱོན་དུ་གཞན་ཕན་རླབས་ཕྲེང་གི་ཟེགས་མ་མཁའ་ལ་འཕྱུར་ཞིང་ཀུན་ལ་ཁྱབ་བས་སྐྱེ་འགྲོའི་སྙིང་བཅུད་དང་། ཁ་བ་ཅན་པའི་བསོད་ནམས་ཀྱི་བགོ་སྐལ་དུ་ལོངས་སུ་སྤྱོད་རྒྱུའི་ལོ་རྒྱུས་ཀྱི་ཆུ་གཏེར་ཆེན་པོ་འདི་ཡི་ཆུ་འགོ་གངས་རྒྱལ་ཏི་སེར་ཐུག་ཡོད་པས་གཞན་དབང་སྟབས་བསྟུན་གྱི་གོ་སྐབས་བཙལ་ཏེ་རང་དབང་ལོ་རྒྱུས་ཀྱི་ཆུ་རྒྱུན་གཞན་ནས་འདྲེན་པའི་ལུགས་ཅི་ཡོད། ཞང་རྒྱལ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སོགས་རྒྱལ་རབས་གསེར་རིའི་ཕྲེང་བརྒྱུད་ཀྱི་ཕོ་བྲང་མཐོ་ཞིང་ཡངས་ལ་ལྟ་བས་ཆོག་མི་ཤེས་པའི་གྲགས་ཅན་གྱི་དབུས་ཀྱི་མཁར་ཆེན་བཞི་དང་། ཕྱོགས་ཀྱི་རྫོང་ཆེན་དྲུག་སོགས་གཞལ་མེད་ཁང་བཟང་སྲིད་པའི་མིག་ལྟར་འབར་ཞིང་ངོ་མཚར་པ༵་ཏྲའི༵་རི་མོ་བྱེ་བས་འཁྱུད་པ་དང་གཉིས་སུ་མ་མཆིས་པས་སྐབས་གསུམ་བདག་པོའི་ཕོ་བྲང་ཡང་སྐྱེངས་པར་བྱས་ལ། ཞང་བོད་རྒྱལ་རབས་ལོ་རྒྱུས་ཀྱི་སྙན་པའི་སྒྲ་དབྱངས་རྩ་གསུམ་གྱི་གནས་སུ་ཁྱབ་པས་ལྷ་དབང་བརྒྱ་བྱིན་གྱི་ཡིད་ཀྱི་བརྟན་པ་ཅིག་ཆར་འཕྲོག་པས་གཞན་དག་གི་རྣ་བའི་དཔྱིད་དུ་སྨིན་པ་ལྟ་ཅི། སྲིད་པ་ཆགས་ནས་ཞང་ཞུང་གི་བླ་མཚོ་མ་པང་གཡུ་མཚོ་དང་ ལ་ངག་གསེར་མཚོ་ གུང་རྒྱུད་དངུལ་མཚོ་ ཟོམ་ཤོང་ལྕགས་མཚོ་ གུར་རྒྱལ་ཟངས་མཚོ་བཅས་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་རིན་ཆེན་སྣ་ལྔའི་མཚོ་མོ་མེར་མེར་འཁྱིལ་བ་འདི་རིག་པའི་གནས་ཆེན་ལྔ་ཡི་བླ་མཚོ་དཔེ་ཟླར་མཛེས་ཤིང་། ཐོས་བསམ་འདབ་གཤོག་གཉིས་ལྡན་གྱི་དཔྱོད་ལྡན་གཞོན་སྐྱེས་གསེར༵་ཉ༵་རྣམས་འཁྱུག་ལྡིང་རྐྱལ་གྱིས་མཁས་པའི་བྱ་བ་གསུམ་ལ་ཅི་དགར་རོལ་བྱའི་གནས་ནི། གངས་ཅན་ཆོས་ལུགས་ཀྱི་མ་མ། ཤེས་རིག་གི་ཕ་ཡུལ་ ལོ་རྒྱུས་ཀྱི་བང་མཛོད་ རྒྱལ་རབས་ཀྱི་དེད་དཔོན་དུ་བཞུགས་པའི་ཞང་ཞུང་སྲིད་པའི་ཡུལ་ཆེན་བུམ༵་པ༵་ཟླུམ་པོའི་ཟ་མ་ཏོག་ནང་མེས་པོའི་གཙུག་ལག་བཟོ་སྒྲ་ཕྱི་ནང་གསོ་རིག་ལྔ་སོགས་བཅུ་ཕྲག་རིག་པའི་གནས་ཀྱི་སྙིང་བཅུད་ཕྱུར་བུར་བལྟམས་པའི་དབྱིག་རྫས་འདི་དག་ལོངས་སུ་སྤྱོད་རྒྱུ་རེད། གཙུག་རྗེ་ཁྲི་ཝེར་གསེར་གྱི་བྱ་རུའི་མཚན་ཅན་ནས་བཟུང་གནམ་རི་སྲོང་བཙན་ཡན་རྒྱལ་རབས་མུ་ཏིག་ཕྲེང་བརྒྱུད་རིང་ཞང་བོད་ཀྱི་ལྗོངས་འདིར།
༧མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ།
ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང་།
བློན་པོ་གྲོས་ལ་མཁས་པས་རྒྱལ་སྲིད་བརྟན།
འབངས་རྣམས་དགེ་ལ་སྤྱད་པས་ལམ་རྒྱུད་གཙང་།
རྒྱལ་གཤེན་བློན་འབངས་ཐུགས་མཐུན་དམ་གཙང་ལྡན།
བསྟན་སྲིད་ཤེས་རིག་སྲོལ་རྒྱུན་སྒྱུ་རྩལ་སོགས།
གཞན་དྲིང་མི་འཇོག་རྒྱུ་སྐར་གྲངས་འདས་ཀྱི།
ལོ་རྒྱུས་རི་མོ་སྲིད་པའི་མིག་ལྟར་འབར།
བླ༵་རི་ཏི་སེ་གཤེན་བསྟན་ས་འཛིན་དབང་།
བླ༵་མཚོ་མ་པང་བཅུ་རིག་མཚོ་མོའི་དཔལ།
བླ༵་བྲག་རྟ་སྒོ་ཞང་ཞུང་ལོ་རྒྱུས་མིག
བླ༵་གནས་རི་མཚོ་བྲག་གསུམ་མུ་ཙུག་སྨར།
གཤེན་བསྟན་མདོ་སྔགས་སེམས་གསུམ་ཆུ་གཏེར་དཔལ།
སྒྲོལ་བའི་གཟིངས་ཆེན་སྤོང་བསྒྱུར་གྲོལ་གསུམ་ལམ།
རྫོགས་སངས་རྒྱས་པའི་མཁས་གྲུབ་བྱེ་བའི་སྲོལ།
ཞང་བོད་རང་གི་ཐུན་མིན་ཆོ༵ས་ལུག༵ས་རྨད།
ཤར་ཕྱོགས་ཙི་ནའི་ཡུལ་ནས་མགྲོན་མ་བསུས།
ལྷོ་ཕྱོགས་རྒྱ་བལ་ཡུལ་ནས་མ་བརྐུས་ཤིང་།
རང་ཡུལ་འཛིན་མའི་ལྷུམ་ནས་སྐུ་འཁྲུངས་བའི།
ཞང་བོད་སྐད་ཡིག་ཤེས༵་རིག་དཔང་པོར་བཞུགས།
མེས་པོའི་རྒྱལ་པོ་གསེར་རིའི་ཕྲེང་བརྒྱུད་ཀྱི།
མཛད་འཕྲིན་གྲགས་སྙན་འོད་སྟོང་འབར་བའི་གཟིས།
འཛམ་གླིང་ས་འཛིན་དབང་པོའི་ཁེངས་པ་འཕྲོག།
ཞང་བོད་རྒྱལ༵་རབ༵ས་ལོ་རྒྱུས་ཨེ་མ་ཕུལ།
འཇིག་རྟེན་མེས་པོའི་འཕྲུལ་གྱིས་མ་བཟོས་ཤིང་།
སྣང་གསལ་ཉི་ཟླའི་ཟེར་གྱིས་མ་བསྐྱངས་པའི།
ལེགས་པ་བརྒྱ་ལྡན་རིང་ལུགས་རྨ་མེད་རྣམས།
ཞང་བོད་མི༵་རི༵གས་སྲོལ༵་རྒྱུན༵་དེད་དཔོན་ལགས།
རང་དབང་ལྡན་པའི་དགའ་སྟོན་ནོར་བུའི་གླིང་།
དགོས་འདོད་ཀུན་འབྱུང་ཆོས་རིག་ལོ་རྒྱུས་དབྱིག།
ང་ལ་ཡོད་ཅེས་སྙེམས་པར་བྱེད་མིན་ཏེ།
ཞང་ཞུང་རྒད་པོའི་མགྲིན་པའི་རྩ་མདུད་གྲོལ།
ར༵ང་དབང་མ་གཏོགས་གཞན་དབང་མ་མྱོང་བས།
ར༵ང་ཆོས་མ་གཏོགས་གཞན་ཆོས་གདན་དྲངས་མེད།
ར༵ང་ཡིག་མ་གཏོགས་གཞན་ཡིག་དཔེར་མ་བླངས།
ར༵ང་རྒྱལ་མ་གཏོགས་གཞན་རྒྱལ་ཁུངས་མ་བཙལ།
གཞ༵ན་གཞུང་མ་བརྟན་རང་གཞུང་འགྲིག་ཙམ་དང་།
གཞ༵ན་ཟས་མ་ཟོས་གྲོད་ཁོག་གཙང་མ་དང་།
གཞ༵ན་ཟེར་མ་ཉན་རང་ཚུགས་ཐུབ་ཙམ་ཡོད།
གཞ༵ན་གོས་མ་གྱོན་རང་ལུས་གཙང་མ་ཡིན།
ཨེ་མ་ཞང་ཞུང་རྒད་པོའི་ཚེ་སྟོད་རང་དབང་བདེ་སྐྱིད་དཔྱིད་ཀྱི་དཔལ་ཡོན་གྱི་ནམ་ཟླ་ཤར་ནས་མི་རིགས་ཀྱི་བསྟན་སྲིད་སྲོལ་རྒྱུན་རྣམས་སྐལ་བཟང་དབྱར་གྱི་དཔལ་མོའི་ངང་ཚུལ་ལྟ་བུར་འཛུམ་རླབས་རྒྱས་ཤིང་འབྲས་ལྡན་སྟོན་གྱི་རྒྱལ་མོའི་དུས་སྟོན་བཞིན། རྒྱལ་ཁམས་ཞིང་འབྲོག་གི་ཐོན་སྐྱེད་དང་། མི་དམངས་ཀྱི་འཚོ་བ་སོ་སོའི་ཤེས་རིག་ལོ་རྒྱུས་སོགས་ཀྱི་འབྲས་བུ་གཡུར་དུ་སྨིན་ཏེ་རང་ནོར་རང་སྐྱོང་གི་འཚོ་བ་ལོངས་སུ་སྤྱོད་སྐབས།
༧་མཐོ་ནམ་མཁའི་བྱ་ལམ་དང་པོ།
དམའ་དོག་མོའི་ཁྱོན་གྱི་རྒྱང་ཐག་བར།
རྒྱལ་གྲགས་ཅན་བྱ་རུའི་མཚན་ཅན་སོགས།
གཏམ་སྙན་གྲགས་སྲིད་པའི་རྒྱལ་རྔ་བརྡུང་།
བཀྲ་ཤིས་པའི་རྒྱལ་དར་ལྷབ་ལྷུབ་གཡོས།
དོན་འགྲུབ་པའི་རྒྱལ་རྟགས་གཡུང་དྲུང་རིས།
ཞལ་དྲོ་བའི་སྐུ་གཤེན་བྱིན་ཅན་རྣམས།
ལུས་སྲིད་པའི་དཔལ་བོ་ཀུན་གྱི་མིག།
ངག་ཟླ་མེད་སེང་གེའི་གད་རྒྱངས་ཅན།
ཡིད་མི་གཡོ་ཕྱ་སྲས་སྒམ་པོའི་ཐུགས།
གཙིགས་ཆེ་བའི་སྐུ་གསུང་ཐུགས་གསུམ་ལ།
སྲོལ་རྨ་མེད་ཆེ་རྟགསགསུམ་གསུམ་ལྡན།
དེ་ལྟར་ང་ཡི་གཅེས་སུ་འོས་པའི་ཚེ་སྟིད་ཀྱི་ཕ་ཡུལ་འགྲོ་བའི་མིག་རྒྱན་དུ་གྱུར་པ་དབང་པོའི་གཞུ་རིས་ཁ་མདོག་མཚར་སྡུག་མཛེས་པའི་གཟུགས་བརྙན་དེ། ཡིད་ཀྱི་མེ་ལོང་གཙང་མར་གསལ་ཝལ་གྱི་ཤར་ནས་འདྲེན་བྱེད་དབང་པོ་མངོན་སུམ་གྱི་ཡུལ་དུ་གྱུར་སྐབས་འདི་བསུབ་ཏུ་མེད་པའི་ལོ་རྒྱུས་རྡོ་ཡི་རི་མོའི་གཟུགས་བརྙན་ཡིན་ནམ། སྟེང་ལྷ་ཡུལ་ནས་བཀོད་པས་དྲངས་པའི་རྫུ་འཕྲུལ་སྒྱུ་མའི་གཟུགས་བརྙན་གང་ཡིན་ཁོ་བོར་སྨོས་ཅི། ལྷ་དབང་བརྒྱ་བྱིན་མིག་གིས་བལྟས་ཀྱང་དབང་པོར་འཕྱང་མོ་ཉུག་ཏུ་སོང་། དེ་ལྟའི་བསོད་ནམས་ལོངས་སྤྱོད་ཀྱི་ཕུང་པོའི་ལོ་རྒྱུས་ནི་བགྲང་བར་དཀའ་ཞིང་མེས་པོའི་ཞང་བོད་ལྗོངས་ཆེན་བཀྲ་ཤིས་བདེ་ལེགས་ཀྱི་འཁོར་མོ་ཡག་ཏུ་བགྲང་བྱའི་ལོ་རབས་སྟོང་ཕྲག་དུ་མའི་རིང་ལ་གནས་པའི་གནའ་སྲོལ་སྔར་གནས་རྒྱུན་འཇགས་ཀྱི་ལོ་རྒྱུས་ཁུངས་ལྡན་རྣམས་འགལ་རྐྱེན་ཇི་སྙེད་ཅིག་འཕྲད་ཀྱང་གཞན་དབང་གི་ཡུལ་ནས་རང་ཡུལ་དུ་སླར་ཕེབས་པའི་ཡིག་རྙིང་རྒད་པོ་ད་ལྟའི་ལོ་རྒྱུས་ཀྱི་དེད་དཔོན་དུ་བཞུགས་པ་ནི་ཨེ་མ་ཧོ།
ལོ་རྒྱུས་ཁུངས་ལྡན་སྨྲ་བའི་གཞུང་ཡོད་ཀྱང་།
མ་ནོར་རི་མོའི་ལམ་ནས་འཕྲིན་ཤོད་མཁན།
མཁྱེན་སྤྱན་ཡངས་པའི་འཇིག་རྟེན་མིག་རྣམསས་ཀྱིས།
སྤྱོད་ཡུལ་མིན་ན་བདག་ལྟས་ཅི་ཞིག་རྟོགས།
ལེགས་གསུང་རབ་འཇེབས་རྒྱལ་རབས་འོད་དཀར་སྟོང་།
ལོ་རྒྱུས་ཀུན་དའི་གཉེན་དུ་དྲིན་ཆེ་ཡང་།
བློ་གྲོས་ཞིབ་མོས་དཔྱད་པའི་འབེལ་གཏམ་རྣམས།
བསུབ་ཏུ་མེད་པའི་ལོ་རྒྱུས་རི་མོ་ལགས།
ཚེ་སྟོད་སྐྱིད་གཏམ་མུ་ཏིག་འཛུམ་དཀར་ཕྲེང་།
འུད་བསྟོད་མ་ཡིན་དངོས་པོའི་གནས་ཚོད་ཀྱི།
རྒད་པོའི་ཡིན་ལུགས་དྲང་བརྗོད་ལོ་རྒྱུས་གཏམ།
རིས་ཅན་ཐུགས་ལ་གཟན་ན་བྱ་ཐབས་ཅི།
སྤྱིར་སེམས་ཅན་བློ་ཡི་རང་བཞིན་ཐ་དད་པས་ དགའ་དང་མི་དགའ་སོ་སོར་འབྱུང་བ་བཞིན་དུ་ གདོད་མའི་རྒྱལ་པོ་རྣམས་ཀྱི་ཐུགས་དགོངས་ལྟ་བ་གཅིག་གྱུར་མ་ཡིན་པར་བརྟེན། ཚང་མས་ཆོས་སྲིད་དོ་མཉམ་དུ་སྤྱོད་ཐུབ་པའི་ངེས་པ་མེད་ནའང་། ཆོས་སྲིད་གང་རུང་ཐོག་བསྙོན་མེད་ཀྱི་བྱས་རྗེས་རེ་ཀུན་ལ་ཡོད་པས་གཙུག་རྗེ་གཉའ་ཁྲི་ཡབ་སྲས་ནས་བཟུང་བོད་ཀྱི་མེས་པོ་རྣམས་ཀྱིས་བསྟན་སྲིད་ཤེས་རིག་ལོ་རྒྱུས་གང་ཅིར་མཛད་འཕྲིན་རླབས་ཆེན་རྗེས་བཞག་གནང་བའི་ལག་རྗེས་ཀྱི་རི་མོ་ས་ལ་བྲིས་པའི་རྨང་གཞིའི་ཐོག་ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་མེས་དབོན་རྣམ་གསུམ་གྱི་རིང་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་འབྲེལ་ལམ་བཙུགས་ཏེ། དམ་པའི་ཆོས་དང་།ཆབ་སྲིད་དམག་དོན་ རིག་གནས་སོགས་ཡར་རྒྱལ་གོང་འཕེལ་བཏང་བའི་མཛད་རྗེས་རྣམས་བསྔགས་འོས་ཀྱི་དཔལ་དུ་གྱུར་པ་ཞིག་ཡིན་ངེས་ཀྱང་། ཕ་ནོར་བུ་འཛིན་དང་ སྔར་ཡོད་ལེགས་བཅོས་ སྔར་མེད་གསར་སྐྲུན་གྱི་མཛད་བྱུས་ཤིག་ཡོད་ན་ཅི་མ་རུང་སྙམ་ནའང་སྐབས་དེར་ཁོང་རྣམས་ཀྱིས་སྲིད་དོན་གྱི་སྦྱོར་བ་བརྩམས་ཏེ། སྔར་ཡོད་ཡབ་མེས་གོང་མའི་ཆོས་ལུགས་དང་ཤེས་རིག་ རྒྱལ་རབས་ལོ་རྒྱུས་ཀྱི་ཁུངས་རྣམས་མཆིལ་མའི་ཐལ་བ་བཞིན་དུ་རིང་དུ་དོར་ཏེ། དམ་པའི་ཆོས་ཀྱི་འབྱུང་གནས་རྒྱ་གར་ཡིན་པའི་ཆ་ནས་བོད་ཀྱི་ཆོས་རིག་ལོ་རྒྱུས་ཡོད་དོ་ཅོག་གི་ཁུངས་དེ་རྒྱ་གར་ལ་བཏུགས་པའི་མཛད་བྱུས་དེ་ནི་མི་རིགས་ལོ་རྒྱུས་ཀྱི་ལ་རྒྱ་ཆེན་པོ་འཆུག་ཡོད་དེ། སྔར་གྱི་གཏམ་དཔེར། བླུན་པོས་འཆུག་ན་མཐོ་གང་། མཁས་པས་འཆུག་ན་འདོམ་གང་། ཟེར་བའི་དཔེ་ལྟར་ཡིན་པ་མ་ཟད་དོན་དངོས་རང་གི་རང་ལ་རྙིང་གཏོར་གསར་འཛུགས་དང་རིག་གནས་གསར་བརྗེའི་ལས་འགུལ་ཐེངས་དང་པོ་སྤེལ་བ་མིན་ནམ་སྙམ། ཕྱོགས་གཅིག་ན་གསར་པས་རྙིང་པ་ཟིལ་གྱིས་གནོན་པ་ནི་འདུས་བྱས་ཀྱི་སྤྱི་ལུགས་དང་ དུས་ཀྱི་འགྱུར་ལྡོག་དང་ སྤྱི་ཚོགས་ཀྱི་འཕོ་འགྱུར་ནི་སུས་ཀྱང་བཟློག་ཐབས་མེད་པའི་འཇིག་རྟེན་གྱི་རང་གཤིས་སུ་ལགས་པས། སྤྱིར་འདུས་བྱས་ཐམས་ཅད་སྒྱུ་མའི་རང་བཞིན་སྐད་ཅིག་མའི་གོང་བུའི་སྟེང་། ། སྣོད་འགྱུར་བ་ཅན་དང་བཅུད་འཇིག་པ་ཅན་གཉིས་གཅིག་ལ་གཅིག་བརྟེན་རང་བཞིན་འབྲེལ་བ་ཅན་གྱི་དངོས་པོ་དེའང་འགྱུར་བའི་བདག་ཉིད་མི་རྟག་པའི་སློབ་དཔོན་དུ་གྱུར་བས། ཞང་བོད་ཀྱི་སྣོད་བཅུད་གཉིས་དང་ཆོས་རིག་ལོ་རྒྱུས་རྣམས་ཡུལ་དུས་རྐྱེན་དབང་གང་གིས་འགྱུར་མེད་རྟག་པའི་རང་བཞིན་ཅན་ཞིག་ག་ལ་གནས་སྲིད། དེར་བརྟེན་ཞང་ཞུང་རྒད་པོའི་ཚེ་སྟོད་རང་དབང་བདེ་སྐྱིད་ཀྱི་ཉི་མ་དང་། ཚེ་སྨད་གཞན་དབང་སྡུག་བསྔལ་གྱི་མུན་པ་གཉིས་དེ་ཟླ་བ་ཡར་ངོ་དང་མར་ངོའི་འཕེལ་འགྲིབ་ཀྱི་རང་གཤིས་ངོམས་པ་འདི་ཉིད་རང་རྒྱུད་ཀྱི་རྟག་འཛིན་ཐ་རམས་དམ་པོར་བསྡམ་པའི་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་མི་རྟག་དགེ་བའི་བསྐུལ་མའི་ལྡེ་མིག་ཅིག་མིན་ནམ་སྙམ།